སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་མའི་ལམ་ག་རེ་བྱས་ཏེ་དགོས་ཀྱི་ཡོད་དམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་འདུག
དེ་རིང་ཕྱི་ཚེས་༨་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་དང་། རྡ་ས་ས་གནས་འགོ་འཛིན་ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང་། དབུས་སྨན་རྩིས་ཁང་སོགས་རྡ་ས་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་། འཐུས་མི་སོགས་ཁྱོན་མི་གྲངས་༥༠ལྷག་ཙམ་ལྷན་འཛོམས་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བའི་ནང་། སྤྱིར་བཏང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གནད་ཡོད་མི་སྣ་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྐོར་ཤེས་ཀྱི་ཡོད་ཀྱང་ཁག་གཅིག་གིས་ཇི་བཞིན་ཤེས་ཀྱི་མེད་པ་མ་ཟད། དེ་བཞིན་གོ་ནོར་ཐེབས་མཁན་ཡང་གང་ཙམ་ཡོང་གི་འདུག ལྷག་པར་རྒྱ་ནག་གཞུང་གིས་སྐུ་ཚབ་དང་གཞུང་ཚབ་བརྒྱུད་ནས་ཕྱི་རྒྱལ་ཁག་གི་གནད་ཡོད་མི་སྣ་དང་མི་དམངས་ནང་དབུ་མའི་ལམ་གྱི་སྐོར་ལ་འགྲེལ་བཤད་ལོག་པ་བརྒྱབ་སྟེ་གོ་ནོར་ཐེབས་པ་མང་པོ་ཞིག་ཡོང་གི་ཡོད་པར་བརྟེན་ཕྱི་ལོ་༢༠༡༤ཕྱི་ཟླ་༦ ཚེས་༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་ཐབས་སུ་དམིགས་ཏེ་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་སྤེལ་བར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་འདྲ་མིན་མང་དག་ཅིག་ནང་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ལ་སྲིད་གཞུང་འདྲ་མིན་ཁག་དང་གྲོས་ཚོགས། རྒྱལ་སྤྱིའི་སྤྱི་ཚོགས་སོགས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་བཞིན་ཡོད། གཞན་ཡང་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་ལས་འགུལ་རྒྱ་བསྐྱེད་གཏོང་རྒྱུའི་ལས་གཞི་དབུ་འཛུགས་ཀྱིས་སྲིད་སྐྱོང་གིས་གཙོས་ཕྱག་རོགས་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པས་ཕྱི་ལོ་༢༠༡༤ཕྱི་ཟླ་༧ཚེས་༡༨ནས་ཕྱི་ཟླ་༨ཟླ་མཇུག་བར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་ཡོད་ཅེས་གསུང་བཤད་གནང་བ་དང་ཆབས་ཅིག་གོང་འཁོད་བརྗོད་གཞིའི་ཐོག་དཔེ་མཚོན་དང་སྦྲགས་ཏེ་གསུང་བཤད་ཞིབ་རྒྱས་གནང་སྟེ་མང་ཚོགས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།
