དམིགས་བསལ་སྐུ་ཚབ་རྒྱ་རི་མཆོག་གི་གསུང་འཕྲིན་ཞིག་སྐོར།
2012.04.30
༄༅༎ཨ་རིར་རྟེན་གཞི་བྱས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་ལྦ་ཤིང་ཊོན་དུ་ཨ་རི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གསུང་འཕྲིན་ཞིག་ཕུལ་བའི་ནང་ ༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐུགས་ཀྱི་འཆར་སྣང་དང་བཀའ་སློབ་བཅས་ཚང་མའི་ནང་བོད་ཀྱི་གནད་དོན་སེལ་ཆེད་ད་ཡོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་རྒྱ་ནག་གོང་བུ་ཆིག་སྒྲིལ་ལ་རྩིས་སྲུང་བྱེད་དགོས་པ་གསལ་ཡོད། ཐབས་ལམ་དེ་ལག་བསྟར་ཡོང་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་སྤྲོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད་ཅེས་འཁོད་ཡོད་འདུག།
ཡང་གསུང་འཕྲིན་དེའི་ནང་ རྣམ་པ་ཚོས་མཁྱེན་གསལ་ལྟར་འདས་པའི་ལོ་མང་རིང་ངས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བྱ་རྒྱུའི་སྐུ་ཚབ་ཚོགས་ཆུང་གི་འགོ་ཁྲིད་བྱས་ཡོད། འོན་ཀྱང་དེ་རིང་ངས་གྲོས་མོལ་གྱི་བརྒྱུད་རིམ་ཐོག་ཡར་རྒྱས་ཇི་འདྲ་བྱུང་མིན་སྐོར་སྙན་སེང་ཞུ་རྒྱུ་གང་ཡང་མེད། གང་ཡིན་ཞེ་ན་། གནད་དོན་དེའི་ཐོག་གསར་པ་ཞུ་རྒྱུ་གང་ཡང་མེད། རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་གྲོས་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ནང་པེ་ཅིང་དུ་བྱས་པ་རེད། ངའི་ངོས་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཇི་ཙམ་བྱས་ཀྱང་གྲོས་མོལ་བསྐྱར་མཐུད་བྱུང་ཐུབ་མེད། དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་བཞིན་པའི་སྐབས་འདིར་པེ་ཅིང་དང་རྡ་ས་གཉིས་ཀའི་ནང་འགོ་ཁྲིད་ལ་འཕོ་འགྱུར་འགྲོ་བཞིན་ཡོད། ང་རང་སྒེར་གྱི་མཐོང་ཚུལ་ཞུས་ན། རྒྱུ་མཚན་གཞན་ཞིག་གི་ཐོག་ནས་གྲོས་མོལ་བསྐྱར་གསོ་གང་མགྱོགས་ཡོང་རྒྱུའི་རེ་བ་མཐོང་གི་མིན་འདུག།
འོན་ཀྱང་ལས་དོན་དེའི་ཐོག་ངས་ལོ་ངོ་བཅུ་ཕྲག་རིང་འབད་བརྩོན་ཞུས་པར་བརྟེན། རྒྱ་བོད་མི་རིགས་གཉིས་ཀས་མོས་མཐུན་ཡོང་རྒྱུའི་གཉིས་སྨན་གྱི་ཐབས་ལམ་དེ་གྲོས་མོལ་གྱི་ཐབས་ལམ་འབའ་ཞིག་ཡིན་པ་དུས་ད་ལྟའང་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོས་མཁྲེགས་བཟུང་གི་བསམ་བློ་དོར་ཏེ་ཕུགས་རྒྱང་རིང་པོར་དམིགས་པའི་ཆབ་སྲིད་ཀྱི་ཆོད་སེམས་འཆང་རྒྱུར་ངར་རེ་བ་ཡོད། མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་དགོངས་བཞེས་དེ་ལ་ཆོད་སེམས་བརྟན་པོའི་ཐོག་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་སྐོར་ཡང་ཡང་གསུངས་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་སོགས་ དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཨ་རི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་ཕུལ་བའི་གསུང་འཕྲིན་ནང་ འཁོད་བཞག།