ཐེ་ཝན་ནང་འགུལ་ཚད་རིམ་པ་དྲུག་ལྷག་གི་ས་ཡོམ་རྒྱབ་ནས་མི་རྒྱུ་གཉིས་ལ་གོད་ཆག་བྱུང་འདུག

2018-02-07
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་ནང་འགུལ་ཚད་རིམ་པ་དྲུག་ལྷག་གི་ས་ཡོམ་རྒྱབ་པའི་ཡུལ་དངོས། ༢༠༡༨།༢།༧
ཐེ་ཝན་ནང་འགུལ་ཚད་རིམ་པ་དྲུག་ལྷག་གི་ས་ཡོམ་རྒྱབ་པའི་ཡུལ་དངོས། ༢༠༡༨།༢།༧
AP

ཐེ་ཝན་ནང་འགུལ་ཚད་རིམ་པ་དྲུག་ལྷག་གི་ས་ཡོམ་རྒྱབ་ནས་ཉུང་མཐར་མི་དྲུག་རྐྱེན་ལན་དུ་ཕྱིན་པ་དང་༢༥༦་ལྷག་ལ་རྨས་སྐྱོན་ཕོག་འདུག
དེ་ཡང་འདི་ཚེས་༦་གཟའ་མིག་དམར་གྱི་མཚན་མོར་ཐེ་ཝན་ཤར་ཕྱོགས་ཁུལ་དུ་ས་ཡོམ་འགུལ་ཚད་༦་དང་གྲངས་ཆུང་༤་བྱས་པ་ཞིག་རྒྱབ་ཡོད་པ་དང་། ས་ཡོམ་གྱི་དོ་ཕོག་ཤུགས་ཆེ་ཤོས་བྱུང་ས་(Hualin) རྫོང་ཁོངས་ཀྱི་ཁང་པ་ཁག་གཏོར་སྐྱོན་བྱུང་བ་དང་ཁང་པའི་ཤེལ་སྒོ་ཁག་གས་ཐོར་བྱུང་བ། ལྕགས་ཀྱི་གདུང་མ་གུག་གུག་ཆགས་ནས་ཨར་འདམ་སོགས་ནང་འདྲེས་ནས་ས་རོ་རྡོ་རོའི་ཕུང་གསོག་གང་སར་མཐོང་རྒྱུ་འདུག
མེ་གསོད་རུ་ཁག་ཚོས་ཁང་པ་གཏོར་སྐྱོན་བྱུང་བའི་འོག་མི་གསོན་པོར་གནས་ཡོད་མེད་འཚོལ་ཞིབ་ཀྱི་ལས་དོན་སྤེལ་མུས་ཡིན་འདུག ཁུལ་དེའི་(Marshal Hotel) ཞེས་པའི་གསོལ་མགྲོན་ཁང་ནས་ཉེན་སྐྱོབ་བྱས་པའི་རྗེས་སུ་རང་གི་བུ་དང་ཚ་བོ་སོགས་དང་མཉམ་འཛོམས་ཐུབ་པའི་ལས་མི་(Chen Ming-hui) ཟེར་བས་ཐེ་ཝན་ནང་ས་ཡོམ་ཆུང་ཆུང་མང་པོ་རྒྱབ་ཀྱི་ཡོད་སྟབས་ད་རེས་ཀྱི་ས་ཡོམ་དེ་ཡང་དུས་ལྟར་ཡིན་སྐོར་བསམ་པ་དང་། ཐོག་མར་ས་ཡོམ་དེ་ཆེན་པོ་དེ་ཙམ་མེད་ན་ཡང་རྗེས་སུ་ཧ་ཅང་ཞེད་སྣང་ཆེ་བའི་ས་ཡོམ་རྒྱབ་སྐོར་(Central News Agency) ཞེས་པའི་གསར་ལས་ཁང་ལ་བརྗོད་འདུག
གོང་ཞུས་གསོལ་མགྲོན་ཁང་དེའི་ས་རོ་རྡོ་རོའི་ནང་ནས་མེ་གསོད་རུ་ཁག་གིས་མི་གཞན་ཞིག་ཀྱང་ཉེན་སྐྱོབ་བྱེད་ཐུབ་འདུག ཡིན་ནའི་ལས་བྱེད་པ་ཞིག་རྐྱེན་ལམ་དུ་ཕྱིན་འདུག ཡང་མེ་གསོད་ལས་ཁང་ལྟར་ན། ད་རེས་ཐེ་ཝན་ནང་རྒྱབ་པའི་ས་ཡོམ་དེའི་རྐྱེན་གྱིས་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཕྱིན་པ་དང་། མི་གྲངས་༢༥༦་ལ་རྨས་སྐྱོན་ཕོག་པ། མི་གྲངས་༨༨་གར་སོང་ཆ་མེད་དུ་འགྱུར་འདུག ཡིན་ནའི་(Central News Agency) གསར་ལས་ཁང་ལྟར་ན་མི་གྲངས་༧་རྐྱེན་ལམ་དུ་ཕྱིན་འདུག
ས་ཡོམ་རྒྱབ་པ་དེའི་རྐྱེན་གྱིས་ལམ་བུ་ཁག་ལ་སེར་ཀ་ཤོར་བ་དང་། གློག་ཤུགས་ཁག་ལ་དོ་ཕོག་བྱུང་བ། ཁང་པ་སྟོང་ཕྲག་མང་པོར་ཆུ་མཁོ་སྤྲོད་ལ་ཡང་དོ་ཕོག་བྱུང་འདུག
ཉི་ཧོང་གི་ཕྱི་སྲིད་ལས་ཁང་ལྟར་ན། རྨས་སྐྱོན་བྱུང་བ་དེའི་ཁྲོད་ཉི་ཧོང་གི་མི་སེར་དགུ་ལ་ཡང་རྨས་སྐྱོན་བྱུང་འདུག་ལ་དེ་བཞིན་རྒྱ་ནག་སྐམ་ས་ནས་ཡིན་པ་འགའ་ཤས་ལ་ཡང་རྨས་སྐྱོན་ཕོག་ཡོད་འདུག
ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen) མཆོག་དེ་རིང་ས་ཡོམ་ཤུགས་ཆེ་ཤོས་རྒྱབ་ས་(Hualien)་ལ་ཆེད་ཕེབས་གནང་སྟེ་ཁང་པ་སོགས་ཀྱི་འོག་ལུས་པའི་མི་སྣ་ཁག་ཉེན་སྐྱོབ་བྱ་རྒྱུའི་ཐབས་ཤེས་གང་ཡོང་ཅི་ཡོང་གནང་རྒྱུ་ཡིན་སྐོར་མི་མང་ལ་ཞལ་བཞེས་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།