བོད་ལྗོངས་ས་མཐོའི་འཁྱག་རོམ་དང་གངས་རི་བཞུར་ཚད་སྐོར།

བོད་ལྗོངས་ས་མཐོའི་འཁྱག་རོམ་དང་གངས་རིའི་བཞུར་ཚད་མྱུར་དུ་ཕྱིན་པའི་རྐྱེན་གྱིས་ཨེ་ཤི་ཡའི་མི་གྲངས་ས་ཡ་མང་པོར་ཉེན་ཚབས་བཟོ་བ།

༄༅༎བོད་ལྗོངས་ས་མཐོའི་འཁྱག་རོམ་དང་གངས་རིའི་བཞུར་ཚད་མྱུར་དུ་ཕྱིན་པའི་རྐྱེན་གྱིས་ཨེ་ཤི་ཡའི་མངའ་ཁུལ་དུ་བཟའ་ཆས་མི་འདེངས་བར་མི་གྲངས་ས་ཡ་མང་པོར་ཉེན་ཚབས་བཟོ་བཞིན་ཡོད་པའི་སྐོར་ཧི་མ་ལ་ཡའི་ཁུལ་དུ་ས་གཤིས་བརྟག་དཔྱད་ཚན་རིག་ཚོགས་པ་ཞིག་གིས ཟིན་ཐོ་བཏོན་ཡོད་པ་རེད་ ཧོའོ་ལན་ནས་ཡིན་པའི་ཚན་རིག་ཉམས་ཞིབ་བརྟག་དཔྱད་ཚོགས་ཆུང་ཞིག་གིས་ཉེ་དུས་དེང་དུས་ཀྱི་ཚན་རིག་ལག་རྩལ་བེད་སྤྱད་ནས་ཉམས་ཞིབ་བརྟག་དཔྱད་བྱས་པའི་སྙན་ཐོ་བཏོན་ཡོད་པའི་ནང་ ཁོང་ཚོད་བོད་ལྗོངས་ས་མཐོའི་ཁུལ་དང་ཧི་མ་ལ་ཡའི་མངའ་ཁུལ་གྱི་འཁྱག་རོམ་དང་གངས་རིའི་བཞུར་ཚད་ལ་བརྟག་དཔྱད་བྱས་ནས་འཁྱག་རོམ་དང་གངས་རིའི་བཞུར་ཚད་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་ཡོད་པ་དང་ བོད་ཀྱི་ཆུའི་རྒྱུག་ཡུལ་རྒྱ་གར་དང་པ་ཀི་སི་ཐན་ རྒྱ་ནག་སོགས་ཨེ་ཤི་ཡའི་ཡུལ་གྲུ་མང་པོའི་ནང་ཆུ་ལོག་དང་ཐན་སྐྱོན་ གཙང་ཆུ་གཙོག་པ་ཆགས་པ་སོགས་ཀྱི་ཉེན་ཚབས་ཡོད་པ་དང་དེས་རྐྱེན་པས་ས་གནས་དེ་ཚོའི་ནང་བོད་ནས་རྒྱུག་བཞིན་པའི་གཙང་ཆུར་བརྟེན་ནས་འཚོ་བརྟེན་བྱེད་མཁན་གྱི་མི་མང་ས་ཡ་མང་པོའི་ཚེ་སྲོག་དང་འཕྲོད་བསྟེན་ལ་ཉེན་ཚབས་བཟོ་ཉེན་ཡོད་པའི་སྐོར་བཀོད་ཡོད་པ་རེད་ གོང་ཞུས་ཚན་རིག་ཚོགས་ཆུང་དེའི་འགན་འཛིན་མ་འོངས་ཆུའི་གནས་སྟངས་སྐོར་ལ་ཉམས་ཞིབ་གནང་མཁན་ལྦོལ་ཀྲར་ཨིམ་མར་ཛིལ་གྱིས་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པར་བརྟེན་ནས་འཁྱག་རོམ་བཞུར་ཚད་མགྱོགས་སུ་ཕྱིན་ཡོད་པ་དེས་གཙང་ཆུ་ཁག་རྒྱས་ནས་ས་ཁུལ་ཁག་ཅིག་ནང་ཆུ་ལོག་གི་གནོད་འཚེ་དང་ཁག་ཅིག་ནང་ཐན་སྐྱོན་བྱུང་ནས་བཟའ་ཆས་མི་འདེངས་བའི་གནས་སྟངས་ཀྱི་ཉེན་ཚབས་ཆེན་པོ་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་དང་ ཁོང་གི་ཚན་རིག་བརྟན་དཔྱད་ཚོགས་པ་དེས་ཨེ་ཤི་ཡའི་མངའ་ཁུལ་མང་པོའི་ནང་བོད་ལྗོངས་ས་མཐོའི་འཁྱག་རོམ་དང་གངས་རིའི་བཞུར་ཚད་མགྱོགས་སུ་ཕྱིན་པའི་རྐྱེན་གྱིས་ཨེ་ཤི་ཡའི་མངའ་ཁུལ་དེ་དག་ནང་གནོད་ཚབས་ཤུགས་ཆེ་ཆུང་ཡོང་གི་ཡོད་མིན་ཐོག་དེང་དུས་ཚན་རིག་དང་མཐུན་པའི་ཐོག་ནས་བརྟག་དཔྱད་ཞིབ་ནན་བྱེད་བཞིན་པ་དང་དེང་དུས་ཀྱི་ཚན་རིག་ལག་རྩལ་དང་འཕྲུལ་ཆས་སོགས་བེད་སྤྱོད་བྱས་ནས་འཁྱག་རོམ་དང་གངས་རིའི་བཞུར་ཚད་ཀྱིས་ཆུ་ལོག་དང་ཐན་སྐྱོན་སོགས་ཀྱི་གནོད་ཚབས་ཆེ་ཆུང་ཡོད་མིན་ཞིབ་ཕྲའི་བརྟག་དཔྱད་ལས་དོན་སྤེལ་མཁན་ཚན་རིག་ཚོགས་ཆུང་དེ་ཐོག་མ་ཡིན་པའི་སྐོར་ལྦོལ་ཀྲར་ཨི་མར་ཛེལ་གྱིས་གསུངས་འདུག