འབར་མའི་ལྕམ་སུའུ་ཆིས་ཡུ་རོབ་ཁུལ་གྱི་འཚམས་འདྲི་ལེགས་གྲུབ།
2012.06.28
༄༅༎འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུའུ་ཆིས་ཡུ་རོབ་ཁུལ་གྱི་འཚམས་འདྲི་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད་འདུག
འདས་པའི་ཉིན་ཤས་རིང་འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུའུ་ཆི་མཆོག་ཡུ་རོབ་ཡུལ་གྲུ་ཁག་ཅིག་ལ་འཚམས་འདྲི་གཟིགས་བསྐོར་གནང་ཡོད་པ་དང་དེ་རིང་རེས་གཟའ་ཕུར་བུའི་ཉིན་ཕ་རན་སིའི་ནང་འཚམས་འདྲི་གཟིགས་བསྐོར་མཇུག་བསྒྲིལ་གནང་ཡོད་འདུག ཕེ་རན་སིའི་ནང་བཞུགས་རྒྱུན་རིང་རེས་གཟའ་མིག་དམར་ཉིན་སྲིད་འཛིན་ཕེ་རན་སོལྦ་ཧོ་ལན་དྲེ་མཆོག་དང་མཇལ་འཕྲད་ཀྱིས་འབར་མའི་མང་གཙོའི་འཕེལ་རིམ་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཕ་རན་སིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་གསུངས་བཤད་གནང་བ་དང་། གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་སློབ་ཕྲུག་ཚོར་གསུངས་བཤད་ཀྱང་གནང་ཡོད་པ་རེད། རེས་གཟའ་ལྷག་པའི་ཉིན་དེ་སྔ་ཕྱི་ལོ་ ༢༠༠༤ལོར་ཕུལ་བའི་རྒྱལ་ས་པེ་རི་སིའི་མི་སེར་གྱི་ཕྱག་འཁྱེར་དེ་ཡང་ད་རེས་དངོས་སུ་ཕུལ་ཡོད་པ་བཅས་མཛད་འཆར་ལེགས་གྲུབ་བྱུང་གནང་ཡོད་པ་རེད། དེའི་གོང་སུད་སི་དང་། ཨ་ཡར་ལན་དྲི། དབྱིན་ཡུལ་དང་ནོར་ལྦེ་བཅས་པར་ཕེབས་ཡོད་པ་ནས་ནོར་ལྦེའི་རྒྱལ་ས་ཨོས་ལོའི་ནང་ཕེབས་སྐབས། དེ་སྔ་ཕྱི་ལོ་ ༡༩༩༡ ལོར་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ལོ་ངོ་ཉི་ཤུ་རྩ་གཅིག་རྗེས་སུ་ནོ་བེལ་ཞི་བདེའི་གཟེངས་རྟགས་དངོས་སུ་འབུལ་བཞེས་གནང་ཡོད་པ་རེད།
འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སནསུའུ་ཆི་མཆོག་འདས་པའི་ལོ་ངོ་ཉི་ཤུ་རྩ་གྲངས་ཤིག་རིང་དྲག་པོའི་སྲིད་གཞུང་ནས་སྐབས་རེ་བཙོན་བཅུག་དང་སྐབས་རེ་བཟང་བཙོན་དུ་བཞག་ནས་ཕྱི་ཕྱོགས་ལ་ཕེབས་མྱོང་མེད་པ་དང་། སྔ་ལོ་ནས་བཟུང་འབར་མའི་ནང་གུ་ཡངས་ཀྱི་སྲིད་བྱུས་འཛིན་རྒྱུ་འགོ་ཚུགས་པ་མ་ཟད་ལོ་འདིའི་ནང་། གྲོས་ཚོགས་ཀྱི་འོས་བསྡུ་བྱས་པའི་སྐབས་མང་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པས་མ་ཟད་ལྕམ་ཨང་སན་སུའུ་ཆི་མཆོག་གྲོས་ཚོགས་འཐུས་མིར་བསྐོ་འདེམས་བྱུང་བ་སོགས་འབར་མའི་ནང་མང་གཙོའི་ལམ་ལུགས་སུ་ཁ་ཕྱོགས་གྱུར་ནས་འཛམ་གླིང་ཡོངས་ནས་ད་རེས་ཁོང་ལ་གུས་བརྩི་དང་ཆེ་བསྟོད་ཆེན་པོ་ཞུས་ཡོད་པ་རེད།