རྒྱ་ནག་གི་མཁའ་དམག་གནམ་གྲུ་ཐེ་ཝན་ཉེ་འཁོར་དུ་འཕུར་བསྐྱོད་རྗེས་ཐེ་ཝན་གྱིས་དམག་འཐབ་གནམ་གྲུ་ཆེད་གཏོང་བྱས་འདུག

འདི་ཚེས་༡༡ཉིན་རྒྱ་ནག་གི་གོ་མཚོན་ཐོག་པའི་དམག་གི་གནམ་གྲུ་བཅུ་ཐེ་ཝན་དང་རྒྱ་ནག་བར་དབྱེ་བའི་རྩོད་རྙོག་ཅན་གྱི་མཚོ་འགག་གི་མཁའ་དབྱིངས་ས་ཐིག་གི་དཀྱིལ་ནས་འཕུར་བསྐྱོད་བྱས་པ་མ་ཟད། དམག་གི་གྲུ་གཟིངས་འགའ་ཤས་ཞིག་གིས་དམག་འཐབ་ཀྱི་མྱུལ་ཞིབ་བྱས་ཡོད་པ་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ལས་ཁང་ནས་སྤེལ་འདུག དེ་ནི་གཟའ་འཁོར་གཅིག་ཙམ་གྱི་ནང་དུ་ཐེ་ཝན་གྱི་མཚོ་ཁག་ཁུལ་དུ་རྒྱ་ནག་གི་དམག་གི་གནམ་གྲུ་འཕུར་ཐེངས་གཉིས་པ་དེ་ཡིན་པ་དང་། ཐེངས་དང་པོ་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་དམག་གི་གནམ་གྲུ་༣༧རྒྱ་ནག་དང་ཐེ་ཝན་བར་རྩོད་རྙོག་ཡོད་པའི་ས་མཚམས་ས་ཁུལ་དུ་འཕུར་བསྐྱོད་བྱས་ཡོད་པ་དང་། ཁག་ཅིག་ལྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་འཕུར་བསྐྱོད་བྱས་པ་མ་ཟད། རེས་གཟའ་ཉི་མའི་ཉིན་སླར་ཡང་རྒྱ་ནག་གི་དམག་གི་གནམ་གྲུ་བཅུ་རྩོད་རྙོག་ཡོད་པའི་མཁའ་དབྱིངས་ས་ཐིག་གི་དཀྱིལ་ནས་འཕུར་བསྐྱོད་བྱས་པར་བརྟེན། ཐེ་ཝན་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་དམག་དོན་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཁུལ་དེར་དམག་འཐབ་གནམ་གྲུ་ཆེད་གཏོང་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་མང་གཙོའི་ལམ་ལུགས་འཛིན་བཞིན་པའི་ཐེ་ཝན་དེ་བཞིན་ག་དུས་ཡིན་བ་ཡང་རྒྱ་ནག་གི་མངའ་ཁོངས་ཡིན་པ་བརྗོད་བཞིན་ཡོད་པ་བཞིན། འདས་པའི་མི་ལོ་གསུམ་རིང་རྒྱ་ནག་གི་དམག་གི་གནམ་གྲུ་ཐེ་ཝན་གྱི་མཁའ་དབྱིངས་ཉེ་འགྲམ་དུ་ཡང་ཡང་བཏང་ཡོད་པ་རེད།
དེའི་ཐད་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ལས་ཁང་ནས་སྤེལ་བའི་གནས་ཚུལ་ནང་། རེས་གཟའ་ཉི་མའི་ཉིན་ཐེ་ཝན་གྱི་ཕྱི་དྲོའི་ཚོུད་གཉིས་པའི་ཐོག རྒྱ་ནག་གི་མཁའ་དམག་གི་གནམ་གྲུ་དེ་དག་ནང་(J10)་གནམ་གྲུ་དང་། (J11)(J16)་རྟགས་ཅན་གྱི་གནམ་གྲུ གཞན་ཡང་མཁའ་དམག་གནམ་གྲུ་(Su 30)་རྟགས་ཅན་དང་རྡུལ་ཕྲན་གོ་མཚོན་འཕེན་ཐུབ་པའི་གནམ་གྲུ་(H 6)་རྟགས་ཅན་གནམ་གྲུ་ལྟ་བུ་ཡོད་པ་གསལ་སྟོན་གནང་ཡོད་པ་ལས། གནམ་གྲུ་དེ་རྣམས་ས་ཆ་གང་དུ་འཕུར་བསྐྱོད་བྱས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་གསུངས་མེད་ཀྱང་། གནམ་གྲུ་བཅུ་ཐེ་ཝན་དང་རྒྱ་ནག་གཉིས་བར་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་ཡུལ་གྲུ་གཉིས་བར་དབྱེ་མཚམས་ཕྱེ་བའི་མཁའ་དབྱིངས་ས་ཐིག་གི་ཉེ་འཁོར་དུ་འཕུར་བསྐྱོད་བྱས་ཡོད་པའི་སྐོར་བརྗོད་འདུག ཡིན་ནའང་རྒྱ་ནག་གཞུང་གིས་ཐེ་ཝན་དང་རྒྱ་ནག་གཉིས་བར་དབྱེ་བའི་མཁའ་དབྱིངས་ཀྱི་ས་ཐིག་དེར་ངོས་ལེན་མེད་པ་བཤད་ནས། ན་ནིང་སྤྱི་ལོ་༢༠༢༢་ལོ་ནས་བཟུང་རྒྱ་ནག་གི་མཁའ་དམག་གནམ་གྲུ་ཡང་ཡང་ས་ཐིག་དབྱེ་མཚམས་དེ་ལས་བརྒལ་ནས་བཏང་ཡོད་པ་རེད།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།