ཐེ་ཝན་གྱི་རྒྱལ་སར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2022.09.30
Share on WhatsApp
Share on WhatsApp
ཐེ་ཝན་གྱི་རྒྱལ་སར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག ཐེ་ཝན་གྱི་རྒྱལ་སར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ༠༩།༣༠།༢༠༢༢
Human Rights Network for Tibet and Taiwan

ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་འགྲོ་བ་མིའི་ཐོབ་ཐང་ནམ་ཡང་བློས་གཏོང་མི་སྲིད་རྒྱ་ནག་གཅིག་སྡུད་རིང་ལུགས་ལ་ཁ་གཏད་བཅོག་དགོས་ཞེས་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
དེ་ཡང་སྤྱི་ཟླ་༡༠ཚེས་༡ཉིན་ནི། རྒྱ་ནག་དམར་ཤོག་གི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་པའི་རྒྱལ་སྟོན་ཉིན་མོ་ཡིན་པ་དང་། ཚེས་༣༠དང་རེས་གཟའ་པ་སངས་ཉིན་ཐེ་ཝན་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ཉི་ཤུ་ལྷག་ཙམ་གྱིས་མཉམ་དུ། རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་བཏང་སྟེ་མང་ཚོགས་ཀྱི་རང་དབང་བཙན་འཕྲོག་བྱེད་བཞིན་པར་ངོ་རྒོལ་ཆེད་ཐེ་ཝན་གྱི་གྲོས་ཚོགས་མདུན་དུ་ཞོགས་པ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་ཤིང་། འདིའི་ཐོག་བོད་ནང་ཆོས་དད་རང་མོས་མེད་པ་དང་ཤིན་ཅང་ནང་ལ་དཀའ་ངལ་འཕྲད་བཞིན་ཡོད་པ། ཐེ་ཝན་ནི་འགྲོ་བ་མིའི་ཐོབ་ཐང་ལ་རིན་ཐང་བརྩི་མཁན་ཞིག་ཡིན་པས། དེ་ནི་རྒྱ་ནག་དང་མི་གཅིག་པའི་ཁྱད་པར་ཆེ་ཤོས་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་པ་འདི་རྒྱ་ནག་གི་འཇིགས་སྐུལ་ལས་འགྲོལ་ཐབས་ཀྱི་ནུས་པ་ཆེ་ཤོས་ཤིག་ཡིན་པ་བརྗོད་འདུག་ལ། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གི་རྟག་ཏུ་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སློབ་གསོ་སོགས་ལ་དོ་འཁུར་ཡོད་པ་དྲིལ་བསྒྲགས་བྱེད་ཀྱི་ཡོད་རུང་། བོད་ནང་གི་གནས་སྟངས་ནི་ཉིན་རེ་བཞིན་དཀའ་ངལ་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་པ་གསུངས་འདུག་ལ། ད་ལྟ་བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གནས་སྟངས་འོག་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་དང་བོད་མིར་དེ་བས་དཀའ་ངལ་ཆེ་བ་དང་དམ་བསྒྲགས་ཀྱི་གནས་སྟངས་འདིར་ཚང་མས་དོ་འཁུར་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་འདུག
ཉིན་རྒྱབ་ཐེ་ཝན་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་ཚབ་མཚོན་ཚན་པ་རྒྱ་ནག་དངུལ་ཁང་མདུན་དུ། ཐེ་ཝན་ནང་གི་ཚོགས་པ་ཁག་བསྐྱོད་ནས་འགྲོ་བ་མིའི་ཐོབ་ཐང་ནམ་ཡང་བློས་གཏོང་མི་སྲིད། རྒྱ་ནག་གཅིག་སྡུད་རིང་ལུགས་ལ་ཁ་གཏད་བཅོག་དགོས་ཞེས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་། དེ་ནས་འབྲེལ་ཡོད་མི་སྣ་ཁག་གིས་གཏམ་བཤད་སྤེལ་གནང་ཡོད་པར་ལས་འགུལ་སྐབས་ཐེ་ཝན་ནང་ཡོད་པའི་བོད་པའི་ཚོགས་པ་ཁག་ཀྱང་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་ནང་རིམས་ནད་དམ་དྲགས་ལ་ངོ་རྒོལ་དང་འབྲེལ་བོད་ནང་གི་མཚོ་སྔོན་ཟི་ལིང་དུ་མི་མང་ཕྱི་ལ་འབུད་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎