སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པའི་མཚན་ཐོག་གི་སྙིང་སྟོབས་གཟེངས་རྟགས།
2019.07.10
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་མཚན་ཐོག་གི་སྙིང་སྟོབས་གཟེངས་རྟགས་བྱ་དགའ་གནང་རྒྱུའི་མཛད་སྒོ་དབྱིན་ཡུལ་ནས་ཚུགས་འཆར་འདུག
བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་མཚན་ཐོག་སྙིང་སྟོབས་ཀྱི་གཟེངས་རྟགས་བྱ་དགའ་གནང་རྒྱུའི་མཛད་སྒོ་དེ་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་གི་བོད་རང་བཙན་(Free Tibet)་ཞེས་བའི་ལས་ཁུངས་སུ། ཕྱི་ཟླ ༧་ཚེས་༡༢་ཉིན་ཚོགས་འཆར་ཡོད་པ་དང་། གཟེངས་རྟགས་དེ་ཕུལ་རྒྱུར་འབྲུག་ལོ་ལགས་དང་། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག འཇིགས་མེད་རྒྱ་མཚོ་ལགས། དཀོན་མཆོག་ཚེ་འཕེལ་ལགས། བཀྲིས་རབ་བརྟན་ལགས་བཅས་འདམས་པ་གནང་འདུག
བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་མཚན་ཐོག་གི་སྙིང་སྟོབས་ཀྱི་གཟེངས་རྟགས་བྱ་དགའ་ཞེས་པ་དེ་ནི་(International Tibet network)་ཞེས་པ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས། མི་སྒེར་སོ་སོར་ཉེན་ཚབས་ཆེན་པོ་ཡོད་བཞིན་དུ་བོད་མིའི་རང་དབང་དང་ཐོབ་ཐང་ཡར་རྒྱས་གོང་འཕེལ་གཏོང་ཐབས་ཆེད་ཆོད་སེམས་བརྟན་པོའི་ངང་འབད་བརྩོན་གནང་མཁན་གྲས་ངོས་འཛིན་ཞུ་རྒྱུའི་སླད་དུ། ཕྱི་ལོ་༢༠༡༦་ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་རེད།
གཟེངས་རྟགས་དེ་སུ་ལ་གནང་དང་མི་གནང་ནི་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་ཚ་བོ་དགེ་གཤེས་ཉི་མ་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱུན་ལས་རྣམ་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་མཁས་པ་རྣམས་ཀྱིས་འོས་འཕེན་གནང་བའི་ཐོག་ནས་ཐག་གཅོད་གནང་གི་ཡོད་ཅིང་། གཟེངས་རྟགས་དེ་ཕྱི་ཟླ་༧་ཚེས་༡༢་ཉིན་གནང་དགོས་དོན་ནི་ཕྱི་ལོ་༢༠༡༥་ལོའི་ཕྱི་ཟླ་༧་ཚེས་༡༢་ཉིན་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་མིའི་བཙོན་ཁང་ནང་སྐུ་ཚེ་མ་ཟིན་པའི་དུས་དྲན་ཡིན་པས་རེད་འདུག
ད་ལོ་གཟེངས་རྟགས་དེ་ཕུལ་ས་རྣམས་ཀྱི་ཁོངས་ནས་གཅིག་འབྲུག་ལོ་ལགས་ཡིན་པ་དང་། ཁོང་ནི་བོད་ཀྱི་རྩོམ་བྲིས་པ་དང་ཟིན་བྲིས་པ་གྲགས་ཅན་ཞིག་ཡིན་པས་ཕྱི་ལོ་༢༠༡༦་ལོར་རྒྱ་གཞུང་གིས་ཁོང་ལ་ཁ་བྲལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་གསུམ་རིང་བཙོན་འཇུག་ཞུས་པ་ཞིག་ཡིན་པ་རེད།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་པཎ་ཆེན་སྐུ་ཕྲེང་༡༡་པ་མཆོག་ཡིན་པ་དང་། ཕྱི་ལོ་༡༩༩༦་ལོར་རྒྱ་གཞུང་གིས་ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་བ་ནས་ད་ཆ་གར་སོང་ཆ་མེད་དུ་འགྱུར་ཡོད་པ་རེད།
འཇིགས་མེད་རྒྱ་མཚོ་ལགས་ནི་ཕྱི་ལོ་༡༩༩༦་ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རྗེས་སུ་ལོ་༡༥་རིང་བཙོན་འཇུག་འོག་ཡོད་མུས་དང་། ཁོང་ལ་ཉེས་རྡུང་གཙོས་པའི་སྡུག་སྦྱོང་མནར་གཅོད་ཚོད་མེད་བཏང་ན་ཡང་བཙོན་ཁང་ནང་ད་ཁོང་གིས་ངོ་རྒོལ་མུ་མཐུད་གནང་བར་ཁོང་གི་བཙོན་དུས་ཕྱིར་འགྱངས་བྱས་འདུག
དཀོན་མཆོག་ཚེ་འཕེལ་ལགས་ནི་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་ཆེད་དྲ་རྒྱ་གྲགས་ཅན་ཞིག་གསར་འཛུགས་གནང་མཁན་ཞིག་ཡིན་པ་དང་། རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་གསལ་བསྒྲགས་བྱས་པའི་ཉེས་མིང་བཙུགས་ནས་ལོ་༡༥་རིང་བཙོན་འཇུག་མྱོང་བཞིན་པ་རེད།
ཡང་བཀྲིས་རབ་བརྟན་ལགས་ནི་རྩོམ་བྲིས་པ་ཞིག་དང་ཤར་དུང་རི་ཞེས་པའི་ཟུང་འབྲེལ་རྩོམ་སྒྲིག་པ་ཞིག་ཡིན་པ་དང་། ཤར་དུང་རི་ཞེས་པ་དེ་ནི་བོད་ཀྱི་ཡིག་ཐོག་གི་དུས་དེབ་གྲགས་ཅན་ཡིན་པ་དང་། རྒྱ་གཞུང་གིས་དུས་དེབ་འདོན་སྤེལ་མི་ཆོག་པའི་དམ་བསྒྲགས་བྱས་པ་དང་། ཁོང་ཕྱི་ལོ་༢༠༡༠་ལོར་བཀག་ཉར་བྱས་ཏེ་ལོ་བཞིའི་རིང་བཙོན་འཇུག་བྱས་ཡོད་པ་རེད། ཡང་མཛད་སྒོ་དེའི་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྔ་ལོའི་ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་འདས་གྲོངས་སུ་ཕེབས་པ་དཔལ་ལྡན་རྒྱ་མཚོ་ལགས་ངོས་འཛིན་ཞུ་འཆར་ཡོད་འདུག