དགེ་འདུན་པ་བསྟན་འཛིན་མཁྱེན་རབ་གློད་གྲོལ་བཏང་ཡོད་ན་ཡང་བཙོན་ཁང་དུ་ཡོད་སྐབས་ཨ་མ་འདས་གྲོངས་སུ་ཕྱིན་ཏེ་མ་བུ་ངོ་འཕྲད་ཐུབ་མེད།

2025.01.17
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་གློད་གྲོལ་བཏང་ཡོད་ན་ཡང་བཙོན་ཁང་དུ་ཡོད་སྐབས་ཨ་མ་འདས་གྲོངས་སུ་ཕྱིན་ཏེ་མ་བུ་ངོ་འཕྲད་ཐུབ་མེད། དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་པར་རིས། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་། ཕྱི་ཕྱོགས་ཀྱི་ཡིག་ཆ་ཉར་ཚགས་བྱས་ཡོད་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ། ཉག་ཆུ་་རྫོང་ཨོ་ཐོག་སྨད་ཐ་སྡེ་པ་ནས་ཡིན་པའི་དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ནང་གློད་གྲོལ་བཏང་ཡོད་ན་ཡང་། ཁོང་བཙོན་ཁང་དུ་ཡོད་སྐབས་དགུང་ལོ་ ༥༣ ཡིན་པ་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་གྱིས་རྐྱེན་འདས་གྲོངས་སུ་ཕྱིན་ཡོད་སྟབས་མ་བུ་ངོ་འཕྲད་བྱུང་མེད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས། ཕྱི་ལོ་ ༢༠༢༣ ཟླ་ ༧ ནང་འཛིན་བཟུང་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ལ། ཁོང་གི་ཤུལ་དུ་ཨ་མ་སྦོ་རྡེ་ལགས་གཅིག་པུ་ལས་མེད་པ་དང་། བསྟན་འཛིན་མཁྱེན་རབ་ལགས་འཛིན་བཟུང་བྱས་རྗེས་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོས། ཨ་མ་སྤོ་རྡེ་ལགས་སུ་ཁོང་གང་དུ་ཁྲིད་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་ཙམ་ཡང་གསལ་བཤད་མ་བྱས་སྟབས། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༧ ཉིན་ཁོ་མོ་སྙིང་རླུང་གི་ན་ཚས་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། བོད་ནང་གི་འབྲེལ་ཡོད་ཀྱིས་མུ་མཐུད་བརྗོད་དོན་ལ། དགེ་འདུན་པ་བསྟན་འཛིན་མཁྱེན་རབ་གློད་གྲོལ་ཐོབ་པ་ཙམ་ལས། ད་དུང་མུ་མཐུད་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་ལྟ་རྟོག་སོ་སྲུང་དང་བསུན་གཙེར་བཟོ་བཞིན་ཡོད་པས། ཁོང་བཙོན་ཁང་གང་ནས་གློད་ཡོད་པ་དང་འཕྲོད་བསྟེན་གྱི་གནས་བབ་སོགས་ཞིབ་ཕྲའི་གནས་སྟངས་ཙམ་ཡང་གསལ་བཤད་མི་ཐུབ་པའི་གནས་སུ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ནི་ནམ་རྒྱུན་རྩོམ་ཡིག་འབྲི་བ་དང་། སློབ་གཉེར་ལ་འབད་བརྩོན་ཆེ་ཞིང་། བོད་རྒྱ་སྐད་ཡིག་གཉིས་ཀྱི་ཤེས་ཚད་ཡག་པོ་ཡོད་མཁན་ཞིག་ཡིན་པ་དང་། ཕྱི་ཕྱོགས་སུ་ཡོད་པའི་འབྲེལ་ཡོད་བོད་མི་གཅིག་གིས་མཁྱེན་རབ་ལགས་གློད་གྲོལ་བཏང་ཡོད་པ་ཁོང་གི་སྐད་འཕྲིན་རྒྱབ་ངོས་སུ་གནས་ཚུལ་དང་པར་སོགས་སྤེལ་བཞིན་པ་ལས་ཤེས་རྟོགས་བྱུང་ཡོད་པ་དང་།  ཁོང་ལ་སྐད་འཕྲིན་ནས་འབྲེལ་བ་བྱེད་སྐབས་བརྡ་ལན་ཙམ་ལས་འབྲེལ་ཡོད་སྐད་ཆ་གང་ཡང་བཤད་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ནི་འདི་ལོ་དགུང་གྲངས་ ༣༠ ཙམ་ཡིན་པ་དང་། ཁོང་གི་སྨྱུག་མིང་ལ་ལྡོང་རང་ལྕགས་ཞེས་འབོད་ཅིང་། ཁོང་གིས་བོད་ནང་གི་ཨོ་ཐོག་ཁམས་ནཱལེཎྡ་དགོན་དང་། ལི་ཐང་དགོན་ཆེན། རྫ་སེར་ཤུལ་དགོན་སོགས་ནས་སློབ་གཉེར་གནང་མྱོང་འདུག །

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎