བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བའི་གནས་ཚུལ་དང་འབྲེལ་རྒྱལ་ཁབ་ཁག་ཅིག་ནས་བོད་མིང་དུ་ཤི་ཙང་ཞེས་འབོད་འགོ་བཙུགས་པར་བོད་མི་རྣམས་ནས་བློ་འཚབ།
ཉེ་ལམ་བོད་གཞིས་ཀ་རྩེ་ས་ཁུལ་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་ ༧་༡ བརྒྱབ་པར་རྒྱལ་ཁབ་མང་དག་ཅིག་གིས་གདུང་སེམས་མཉམ་སྐྱེད་ཀྱི་འཕྲིན་ཡིག་བསྐུར་བའི་ཁྲོད། པ་ཀིས་ཐན་དང་མཱ་ལེ་ཤེ་ཡ་སོགས་རྒྱ་ནག་དང་འབྲེལ་བ་ཉེ་བའི་རྒྱལ་ཁབ་ཁག་གཅིག་དང་། རྒྱལ་སྤྱིའི་གསར་ཁང་ཁག་ཅིག་གིས་བོད་མིང་(Tibet)ཚབ་ཏུ་ཤི་ཙང་ཞེས་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་བཞིན་པའི་ཐ་སྙད་བེད་སྤྱོད་བྱས་པར། བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ངོ་རྒོལ་དང་འབྲེལ་ཐུགས་འཚབ་གནང་གི་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཚེས་ ༡༢ ཉིན་བོད་ནང་གི་ས་ཡོམ་དང་འབྲེལ་བའི་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བོད་ནང་གི་ས་ཡོམ་གྱི་གནས་ཚུལ་ཐོག་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་ཁྱབ་སྤེལ་རྒྱ་ཆེ་གནང་བར་བཀའ་དྲིན་ཆེན་པོ་ཡིན་ནའང་། གསར་འགྱུར་བརྒྱུད་ལམ་དང་གཞུང་འབྲེལ་གསལ་བསྒྲགས་ཁག་ཅིག་ནང་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་པའི་ཐ་སྙད་བེད་སྤྱོད་གཏོང་བཞིན་པར་སེམས་འཚབ་ཡོད། དཔེར་ན། བོད། ཅེས་པའི་ཚབ་ཏུ་ཤི་ཙང་། ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་བ་ནི་བོད་རིག་གཞུང་གི་ངོ་བོ་མེད་པ་བཟོ་བ་དང་། རྒྱ་རིགས་ཅན་དུ་བསྒྱུར་བཞིན་ཡོད། དེར་བརྟེན་ང་ཚོས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་། གཞུང་གི་སྡེ་ཚན་རྣམས་ལ་གནས་ཚུལ་སྤེལ་བ་དང་འབྲེལ་མཐུད་གནང་སྐབས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། རིག་གཞུང་ལ་བརྩི་བཀུར་གནང་སྟེ་བོད་ཀྱི་ས་གནས་མིང་རྣམས་ཚད་ལྡན་བེད་སྤྱོད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Observer Research Foundation) ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ཀལ་པིཊ་མན་ཀི་ཀར་ (Kalpit Mankikar) ལགས་ནས། རྒྱ་ནག་དང་འབྲེལ་བ་བཟང་པོ་ཡོད་པའི་རྒྱལ་ཁབ་ཚོས་བོད་ཀྱི་མིང་དུ་ཤི་ཙང་ཞེས་བེད་སྤྱོད་བྱས་པ་དེ་ནི་བོད་ཀྱི་ངོ་བོ་རྩ་མེད་གཏང་རྒྱུའི་འབད་བརྩོན་ཤུགས་ཆེ་རུ་གཏོང་གི་ཡོད་པའི་རྟགས་ཞིག་རེད། དཔེར་ན་ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་ (Xizang Trans-Himalayan International Cooperation Summit)། ཚོགས་འདུའི་ཐོག་ཤི་ཙང་ཞེས་པའི་མིང་དེ་བེད་སྤྱོད་བྱས་ནས་ཁྱབ་བསྒྲགས་བྱས་པ་མ་ཟད། མཐོ་རིམ་ཚོགས་འདུ་ཁག་ཏུའང་མིང་དེ་ཆེད་མངགས་བེད་སྤྱོད་བྱས་པའི་ཐོག པ་ཀིས་ཐན་ལྟ་བུའི་རྒྱལ་ཁབ་ཚོས་དེའི་རྗེས་སུ་འཇུག་ནས་མིང་དེ་ཆེད་མངགས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་དང་བོད་མིའི་ངོ་བོ།
ཤི་ཙང་ནི་རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཐ་སྙད་ཅིག་ཡིན་ཞིང་། གནད་དོན་དབྱེ་ཞིབ་པ་ཚོས་དེ་ནི་རྒྱ་ནག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤུལ་བཞག་དང་། ངོ་བོ་རྩ་མེད་གཏོང་བའི་ཐབས་ཤེས་ཤིག་རེད་ཅེས་བརྗོད་ཀྱི་ཡོད།
ཤི་ཙང་ཞེས་པའི་ཐ་སྙད་རྒྱ་ནག་གཞུང་འབྲེལ་ཡིག་ཆའི་ནང་ཐོག་མར་ཕྱི་ལོ་ ༢༠༢༣ ལོར་བེད་སྤྱོད་བྱས་ཡོད་པ་དང་། དེ་ནས་རིམ་པས་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་དང་། ཚོགས་འདུ་སོགས་སུ་བཀོལ་སྤྱོད་བྱ་འགོ་བཙུགས་པ་མ་ཟད། རྒྱལ་སྤྱིའི་སྟེང་འགྲེམས་སྟོན་ཁང་དང་། བསྟི་གནས་ཁང་ཁག་ཅིག་ལ་བཙན་འགེལ་གྱིས་ཐ་སྙད་དེ་བཀོལ་སྤྱོད་བྱ་རུ་བཅུག་ཡོད།
རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་ལེགས་ལྡན་ལགས་ནས། ཤི་ཙང་ཞེས་པའི་ཐ་སྙད་བེད་སྤྱོད་ཤུགས་ཆེར་བྱེད་པ་དེ་རྒྱ་ནག་གིས་བོད་ཞེས་པ་དེ་འཛམ་གླིང་མི་མང་གི་བསམ་བློའི་ནང་ནས་རྩ་བ་ནས་མེད་པ་བཟོ་རྒྱུའི་འཆར་གཞི་ཆེན་པོ་ཞིག་ལ་ངོས་འཛིན་གྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ལ་ཤི་ཙང་(Xizang) ཞེས་དབྱིན་ཇིའི་ནང་སྒྲ་སྒྱུར་བྱས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གི་བདག་དབང་མཚོན་ཆེད་དང་། ལོ་རྒྱུས་དུམ་བུར་གཏང་རྒྱུའི་ཐབས་བྱུས་ཤིག་རེད་ཅེས་གསུངས་སོང་།
དེ་ཡང་ཁོང་གིས་ལོ་སྟོང་ཕྲག་མང་པོ་སྔོན་ནས་ (Tubote) ཞེས་བོད་ཆོལ་ཁ་གསུམ་མམ་བོད་མི་རིགས་གནས་སྡོད་བྱ་ཡུལ་ཡོངས་ལ་ཁྱབ་པའི་ཐ་སྙད་གཅིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ལོ་བཅུ་གྲངས་ཞིག་ནས་དཀའ་ལས་བརྒྱབ་ནས་ (Tubote) ཟེར་བ་བོད་རང་སྐྱོང་ལྗོངས་གཅིག་པུར་གོ་ཐབས་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད། འོན་ཀྱང་བོད་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་ཙང་། འགྱུར་བ་གཏང་མ་ཐུབ་པའི་གནད་འགག་དེ་འདྲ་ཞིག་ལ་འཕྲད་བསྡད་ཡོད།
ད་ཆ་དབྱིན་སྐད་དུ་ཡོད་པའི་ (Tibet) ཟེར་བའི་དབྱིན་ཇིའི་མིང་དེ། ཤི་ཙང་དུ་བཙན་པོས་བསྒྱུར་བཞིན་པ་དེ་ནི་tibet ཞེས་པ་དེ་མི་སེར་སྤེལ་ཡུལ་རིང་ལུགས་པའི་མིང་ཞིག་ཡིན་པ་དང་། རྒྱ་ནག་གིས་བོད་ཐོག་བདག་དབང་ཡོད་ཚུལ་མཚོན་ཆེད་མིང་དེ་མེད་པ་བཟོ་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད། གལ་ཏེ་ཐ་སྙད་དེ་ས་ཁྱབ་རྡོ་ཁྱབ་བྱུང་ན། ལོ་རྒྱུས་ཐོག་ནས་ (Tubote) ཟེར་བ་དེ་གོ་རྒྱུ་ཚོར་རྒྱུ་མེད་པ་དང་། ལོ་རྒྱུས་དུམ་བུར་བཏང་ནས་ད་ལྟ་ (Xizang) དང་ལོ་རྒྱུས་ཐོག་གིས་ (Tubote) གཉིས་འབྲེལ་བ་མེད་པ་འདྲ་པོ་བཟོས་ཏེ། ཆུ་རྙོག་དཀྲུགས་ནས་ཉ་ཟིན་པ་ལྟ་བུའི་དམིགས་ཡུལ་བཟུང་གི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱིར་ཕྱི་ལོ་ ༢༠༢༣ ནང་དབྱིན་ཇིའི་རྒྱལ་ཁབ་ཀྱི་ (The British Museum) འགྲེམས་སྟོན་ཁང་ཆེན་མོར་དར་གོས་ཚོང་ལམ་དང་འབྲེལ་བའི་འགྲེམས་སྟོན་ཞིག་གནང་བའི་ནང་། དབྱིན་ཇིའི་སྐད་ཡིག་ནང་བོད་དམ་ཤི་ཙང་རང་སྐྱོང་ལྗོངས་ཞེས་བྲིས་ཏེ། བོད་དང་འབྲེལ་བའི་ཅ་ལག་མང་པོ་འགྲེམས་སྟོན་བྱས་ཡོད་པ་མ་ཟད། ཧྥ་རན་སིའི་རྒྱལ་ས་པེ་རི་སེའི་ནང་( Musée Quai Branly ) འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང་བོད་ཅེས་པའི་ཚབ་ཏུ་ཤི་ཙང་རང་སྐྱོང་ལྗོངས་ཞེས་ཐ་སྙད་བེད་སྤྱོད་བྱས་ཡོད། གཞན་ཡང་རྒྱལ་ས་དེ་རང་དུ་ཡོད་པའི་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World) ཟེར་བ་སོགས་མིང་གསར་པ་བཏགས་ཏེ། ལོ་རྒྱུས་ཐོག་ནས་བོད་ཀྱི་ངོ་བོ་ནག་བསུབ་བཏང་ནས། རྒྱ་ནག་གིས་ལོག་བཤད་དྲིལ་བསྒྲགས་ལྟར་བོད་ཅེས་པ་བོད་ཆོལ་ཁ་གསུམ་ལ་གོ་རྒྱུ་དེ་དྲན་ཡུལ་ནས་མེད་པ་བཟོ་ཐབས་ཀྱི་ལས་འགུལ་རྩོམ་བཞིན་ཡོད།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།