ཨིན་ཇིའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་མཇལ་འཕྲད།
2012.06.20
༄༅༎༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཇིའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨེ་ཌི་མི་ལི་སྦེན་ཌི་(Ed Milliband)མཆོག་དང་མཇལ་འཕྲད་གནང་འདུག༎
བཙན་བྱོད་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་རྒྱའི་ཐོག་འདི་ཚེས་༡༩་ཉིན་ ༧གོང་ས་མཆོག་གིས་ཨིན་ཇིའི་གྲོས་ཚོགས་ཀྱི་ཕྱོག་འགལ་ཚོགས་པའི་དབུ་ཁྲིད་མཇལ་འཕྲད་གནང་བའི་སྐུ་དཔར་སྒྲིག་པ་ལས་མཇལ་འཕྲད་གནང་སྐབས་བཀའ་མོལ་ཇི་བྱུང་སོགས་གང་ཡང་མི་འདུག དེ་ཉིན་གྱི་མཛད་འཆར་གཞན་ནང་ ༧གོང་ས་མཆོག་གིས་རྒྱལ་ས་ལོན་ཌོན་དུ་ནང་གྲགས་ཆེ་བའི་ རོ་ཡལ་ཨེལ་སྦ་ཊི་(Royal Albert Hall) ཚོགས་ཁང་ཆེན་མོའི་ནང་༧ཞབས་སོར་འཁོད་དེ་མི་གྲངས་དྲུག་སྟོང་ཙམ་ལ་དོན་དམ་གྱི་འགྱུར་བ་ནང་སེམས་ནས་ཡོང་དགོས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་སྐབས་ཐོག་མར་གོང་ས་མཆོག་གིས་ཆོས་གྲོགས་ཕོ་མོ་ཚོ། ངོས་རང་འདིར་ནང་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་སྐོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། རིན་ཐང་དེ་དག་བྱམས་བརྩེའི་བསམ་པར་རག་ལུས་ཡོད། གལ་ཏེ་མིའི་རྣམ་དཔྱོད་དེར་བཟང་སྤྱོད་ཀྱིས་རྒྱབ་བརྟེན་བྱེད་མ་ཐུབ་ཚེ་ཕྱི་ལོ་ ༢༠༠༡ ཕྱི་ཟླ་༩ ཚེས་༡༡ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཨ་རིའི་ཚོང་ལས་ཀྱི་ཁང་ཆེན་གཉིས་འཇིགས་སྐུལ་རིང་ལུགས་པས་རྩ་མེད་བཟོས་པ་སོགས་ཀྱི་གནས་ཚུལ་ཡོང་རྒྱུ་ཡིན་སྐོར་ལུང་འདྲེན་མཛད་གནང་འདུག དེ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་གནང་ཡོད་འདུག་། ཕྱི་ཚེས་༢༠ཉིན་༧གོང་ས་མཆོག་གིས་ལོན་ཌོན་དཔལ་འབྱོར་ཚན་རིག་གི་སློབ་གྲྭར་ (London School of Economics) ཆིབས་སྒྱུར་བསྐྱངས་ཏེ་བཟོད་སྲན་སྐོར་བཀའ་སློབ་སྩལ་རྒྱུ་མ་ཟད། འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཝེ་སི་མིན་སི་ཊར་ཨེ་བྷེ་(Westminster Abbey) ཟེར་བའི་ཡི་ཤུའི་ཆོས་ཁང་དེར་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་རྗེས། ལྦེ་སི་མིན་སི་ཊར་རྒྱལ་ཁང་ནང་དུ་ཨིན་ཇིའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་མཛད་རྒྱུ་ཡིན་འདུག༎