ལོ་གཉིས་མ་ཟིན་ཙམ་རིང་སྒོ་རྒྱབ་པའི་བཞུགས་སྒར་གྱི་གཙུག་ལག་ཁང་སྒོ་ཕྱེ་རྒྱུ་རེད་འདུག

2022.02.28
ལོ་གཉིས་མ་ཟིན་ཙམ་རིང་སྒོ་རྒྱབ་པའི་བཞུགས་སྒར་གྱི་གཙུག་ལག་ཁང་སྒོ་ཕྱེ་རྒྱུ་རེད་འདུག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་།
Lhuboom/RFA

བཞུགས་སྒར་རྡ་རམ་སཱ་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དགེ་རྩ་ཚོགས་པ་ནས་སྤྱི་ཟླ་༢་པའི་ཚེས་༢༨་ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། རིང་མིན་བོད་ཆུ་སྟག་ལོའི་བོད་ཀྱི་ལོ་སར་ཚེས་གཅིག་གི་ཉིན་མོ་དང་སྐབས་བསྟུན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་སྒོ་ཕྱེས་ཏེ། དད་ལྡན་མི་མང་མཆོད་མཇལ་དུ་ཕེབས་ཆོག་པ་ཞུ་རྒྱུ་ཡིན། འོན་ཀྱང་། རྒྱལ་སྤྱིའི་ཁྱོན་དུ་ད་ལྟ་ཡང་ཏོག་དབྱིབས་ནད་ཡམས་གཙང་དྲག་མ་བྱུང་བར་བརྟེན། རང་གཞན་ཀུན་གྱི་འཕྲོད་བསྟེན་ལ་ཐུགས་སྣང་དགོས་རྒྱུ་གལ་གནད་ཆེ་བས། མཆོད་ཞུ་བ་རྣམ་པས་ཁ་རས་གྱོན་དགོས་པ་དང་། སྤྱི་ཚོགས་རྒྱང་བཀྱེད་ལ་བསྟེན་དགོས་པ། ལག་པ་གཙང་འཁྲུད་དུག་སེལ་བྱ་དགོས་པ་བཅས་འཁོད་ཡོད་ཅིང་། ནད་ཡམས་ཀྱི་དབང་གིས་ཡུན་རིང་སྒོ་བསྐྱོན་དགོས་བྱུང་བ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་སྒོ་ཕྱེ་རྒྱུ་ཡིན་པར། རྨོ་མོ་འཇམ་དབྱངས་ལྷ་མོ་ལགས་ནས་དགའ་ཚོར་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
ཡང་གཞོན་སྐྱེས་དཀོན་མཆོག་མིག་དམར་ལགས་ནས། ནད་ཡམས་ཀྱི་དབང་གིས་ལོ་གཉིས་ལྷག་རིང་གཙུག་ལག་ཁང་དུ་མཆོད་མཇལ་བྱ་རྒྱུ་སོགས་ཁྱོན་ནས་རག་མེད་པར་བརྟེན། ད་རེས་ལོ་སར་ཚེས་གཅིག་ཉིན་ཕྱག་མཆོད་འབུལ་གྱི་གོ་སྐབས་ཡོད་པ་ཧ་ཅང་ཡག་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་། དེ་བཞིན་དགེ་འདུན་པ་ཀ་ཉག་ཚེ་རིང་ལགས་ནས་བོད་མི་ཚོར་དུས་ཆེན་དམིགས་བསལ་གྱི་སྐབས་སུ། མཆོད་མཇལ་དུ་འགྲོ་ས་མེད་པ་ཡིན་ན་འཚོ་བའི་ཆ་ཤས་ཆེན་པོ་ཞིག་བརླག་འགྲོ་ཡི་ཡོད་པས། ད་རེས་གཙུག་ལག་ཁང་ནམ་རྒྱུན་ལྟར་སྒོ་ཕྱེ་རྒྱུ་ཡིན་པར་ཧ་ཅང་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་ཕོ་བྲང་ཉེ་འཁྲིས་སུ་ཆགས་པ་ཐེག་ཆེན་ཆོས་གླིང་གཙུག་ཁང་ནི། ༧གོང་ས་མཆོག་གིས་ནམ་རྒྱུན་དད་ལྡན་མི་མང་ལ་ཆོས་འབྲེལ་གནང་ཡུལ་གཙོ་བོ་དེ་ཆགས་ཡོད་པ་མ་ཟད། གཙུག་ལག་ཁང་གི་རྟེན་གཙོ་ལ་སྟོན་པ་ཐུབ་པའི་དབང་པོ་དང་གུ་རུ་རིན་པོ་ཆེ། འཕགས་པ་ཐུགས་རྗེ་ཆེན་པོ། དུས་འཁོར་ལྷ་ཁང་དང་ལྷ་མོ་ཁང་བཅས་བཞུགས་ཡོད་པར་བརྟེན། རྒྱ་གར་དུ་བཙན་བྱོལ་བོད་མི་ཚོས་གནས་བྱིན་རླབས་ཅན་རྩ་ཆེ་ཤོས་ཤིག་ཏུ་བརྩི་སྲོལ་ཡོད་ནའང་། རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཤུགས་ཆེར་ཁྱབ་སྐབས་ཏེ་སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༣་པའི་ཚེས་༡༧་ཉིན་ནས་བཟུང་ད་བར་སྒོ་རྒྱག་དགོས་བྱུང་ཡོད་པ་རེད། དེ་ནི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དེ་བཞིན་ཕྱི་ལོ་༡༩༦༩་ལོར་ཡོངས་སུ་གསར་བཞེངས་ལེགས་གྲུབ་ཟིན་པ་ནས་བཟུང་། དུས་ཡུན་ལོ་གཉིས་མ་ཟིན་ཙམ་རིང་གཙུག་ལག་ཁང་ཡོངས་སུ་གཟིམ་སྒོ་རྒྱག་དགོས་བྱུང་བ་དེ་སྔོན་བྱུང་མྱོང་མེད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་གསར་ཚེས་༡་ཉིན། གཙུག་ལག་ཁང་གི་ཡང་སྟེང་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་ཞུགས་ཐོག་དཔལ་ལྡན་ལྷ་མོའི་གཟབ་གསོལ་ཚེ་གཏོར་དང་། རྒྱལ་པོ་ལོ་གསར་གྱི་བྱེད་སྒོ་སོགས་གཞུང་འབྲེལ་གྱི་མཛད་སྒོ་ཁག་སྔར་རྒྱུན་ལྟར་གནང་རྒྱུ་ཡིན་འདུག་ལ། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་པ་དབུས་མཛད་གཙོ་རྣམ་པ་ཡང་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ། བློ་བྷེ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎