བལ་ཡུལ་གྱིས་རྒྱལ་ཡོངས་འོས་བསྡུ་ཆེན་མོ།


2013-11-19
Share
བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུ་ལས་ཁང་། བལ་ཡུལ་གྱིས་རྒྱལ་ཡོངས་འོས་བསྡུ་ཆེན་མོ།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཐུབ་བསྟན་སངས་རྒྱས།

བལ་ཡུལ་གྱིས་འཇིཌ་སྐུལ་འགོག་རྐྱེན་སྣ་ཚོགས་ལ་གདོང་ལེན་བྱེད་བཞིན་དུ་རྩ་ཁྲིམས་གཏན་འབེབས་ཀྱི་འཐུས་མིའི་རྒྱལ་ཡོངས་འོས་བསྡུ་བྱས་ཡོད་པ་རེད།

དེ་ཡང་གནས་ཚུལ་ལྟར་ན། རྒྱལ་ཡོངས་འོས་བསྡུ་དེར་བཀག་འགོག་གིས་ལམ་ལྷོངས་མི་ཡོང་ཆེད་དམར་ཕྱོགས་མའོ་ཚོགས་པའི་ནང་གསེས་ཡན་ལག་ཚོགས་པས་མི་མང་ལ་སྡིག་ར་སྐུལ་བ་དང་། ས་ཁུལ་འགའ་ཞིག་ནང་མོ་ཊར་མེ་རྒྱབ་པ་དང་། འགའ་ཞིག་ནང་འབར་རྫས་གས་གཏོར་བྱས་པ་སོགས་ཚུལ་མིན་གྱི་ཐབས་ཇུས་སྣ་ཚོགས་ལག་ལེན་བསྟར་འདུག་ཀྱང་། འགོག་རྐྱེན་དེ་དག་ལ་གདོང་ལེན་བྱས་ཏེ་འོས་བསྡུའི་ལས་བྱེད་ཚོས་བརྗོད་པར་གཞིགས་ན། མི་མང་ས་ཡ་འགའ་ཞིག་གིས་དཀའ་ངལ་དང་། སྡིག་རར་མ་འཛེམས་པར་རྩ་ཁྲིམས་གསར་བཟོའི་ཆེད་དུ་འོས་ཤོག་འཕེན་པར་སླེབས་ཡོད་པ་རེད།

འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་Neel Kantha Uprety གིས་གསུངས་དོན། ད་ཐེངས་བལ་ཡུལ་རྒྱལ་ཡོངས་ཀྱི་མི་གྲངས་བརྒྱ་ཆ་༧༠་ལྷག་ཙམ་འོས་བསྡུའི་ནང་མཉམ་ཞུགས་བྱས་ཡོད་པ་དང་། དེ་ནི་ད་ཕན་འོས་བླུགས་མཁན་མང་ཤོས་མཉམ་ཞུགས་བྱས་ཡོད། ད་དུང་མང་དུ་འགྲོ་སྲིད་པ་དང་། ད་རེས་འོས་བསྡུའི་ལས་འགུལ་ནང་སྲིད་དོན་ཚོགས་པ་ཚང་མས་མཉམ་རུབ་ཡག་པོ་གནང་བ་སོགས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་འབྲེལ་དེ་སྔོན་བལ་ཡུལ་གྱི་མའོ་གྱེན་ལོག་ཚོགས་པ་གནས་ཁུལ་དང་། དེང་སང་མའོ་རིང་ལུགས་པའི་གནས་ཁུལ་གཙོ་བོ་Thawang ལ་འོས་བླུགས་མཁན་བྱུང་མེད་པ་རེད།

གཞན་ཡང་བལ་ཡུལ་གྱི་ས་གནས་Jumla རྫོང་སྡེའི་ནང་འོས་བསྡུའི་ལས་འགུལ་ཉིན་གཅིག་ཕྱིར་འགྱངས་བྱེད་དགོས་བྱུང་ལུགས་དང་། ས་ཁུལ་ཁ་ཤས་ནང་CPNམའོ་ཚོགས་པས་འོིས་སྒམ་འཕྲོག་བྱས་ནས་གཙང་བོར་གཡུག་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་འདུག

བལ་ཡུལ་གྱི་དབུས་འོས་བསྡུ་ལྷན་ཁང་གི་མགྲིན་ཚབ་པ་ Bir Bahadur Rai ཡིས་བརྗོད་དོན་ལྟར་ན། འོས་བླུགས་སྐབས་ལོ་ན་བརྒྱ་བརྒལ་བའི་བགྲེས་སོང་དང་།  བལ་ཡུལ་གྱི་ལུང་ཁུག་ས་ཁུལ་ཁག་གི་དམངས་ཚོགས་ཡང་འོས་ཤོག་འཕེན་པར་སླེབས་ཙང་གཞི་རྩའི་ཆ་ནས་རྒྱལ་ཁབ་ནང་མི་མང་གི་བསམ་བློའི་གནས་སྟངས་ནུས་ཤུགས་འཕེར་བཞིན་འདུག་ཅེས་བརྗོད་འདུག ད་ཐེངས་ཀྱི་འོས་བསྡུ་དེ་བཞིན་ཞི་འཇམ་ངང་ཡོང་ཆེད་རྒྱལ་ཁབ་ཀྱི་ཁྱོན་ལ་དམག་མི་ལྔ་ཁྲི་ལྷག་དང་། ཉེན་རྟོག་པ་དང་བདེ་འཇགས་མི་སྣ་སྟོང་ཕྲག་མང་པོ་ཆེད་གཏོང་བྱས་ནས་འོས་བསྡུའི་ས་གནས་ཁག་༡༥༠༠ལྷག་གི་ནང་བལྟ་སྲུང་སྐོར་གཡེང་བྱས་ཡོད་པ་རེད།

གསར་འགོད་པ་འབེན་པ་སྟོབས་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།