ལྷ་ས་ཉེན་རྟོག་པས་རིམས་ནད་སྐོར་གྱི་གནས་ཚུལ་ཐོག་མར་དྲ་ལམ་བརྒྱུད་ཕྱི་ལ་བསྒྲགས་མཁན་ཡིན་སྐོར་བརྗོད་ནས་བོད་མི་གསུམ་འཛིན་བཟུང་བྱས་ཡོད་འདུག

ཕྱི་ཚེས་༡༧ཉིན་རྒྱ་ནག་གཞུང་འབྲེལ་ལྷ་ས་གྲོང་ཁྱེར་མི་མང་སྲིད་གཞུང་ཟེར་བས། རིམས་ནད་འགོས་ཁྱབ་བྱུང་རྗེས་མི་མང་གི་ཁྲོད་རིམས་ནད་ཁྱབ་གདལ་བཀག་འགག་དང་། རིམས་ནད་ལས་དོན་ཁག་ཡག་པོ་མ་བྱུང་བར་དགོངས་དག་ཞུས་ཡོད་ཀྱང་། ཕྱི་ཚེས་༡༨ཉིན་ལྷ་ས་གྲོང་ཁྱེར་ཉེན་རྟོག་པས་དྲ་ལམ་ཁག་ཏུ་རིམས་ནད་གནས་ཚུལ་རྫུན་མ་ཕྱིར་བསྒྲགས་མཁན་ཡིན་སྐོར་བརྗོད་ནས། ལྷ་སའི་ཁྲེང་ཀོན་ཆུས་ཟེར་བ་དང་ལྷ་ས་མལ་གྲོ་གུང་དཀར་རྫོང། གཞན་ཡང་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སོགས་ནས་བོད་མི་གསུམ་འཛིན་བཟུང་བྱས་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་ཀྱང་། བོད་མི་དེ་དག་སུ་ཡིན་ད་དུང་ཤེས་རྟོགས་མེད་ན་ཡང་། གཙོ་བོ་ཐོག་དང་པོར་ལྷ་ས་དང་གཞིས་རྩེ་ནས་མི་མང་གི་དངོས་ཡོད་དཀའ་ངལ་དྲ་ལམ་དུ་བཤད་མཁན་ཁག་ཅིག་ཡིན་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ། སྤྱིར་ད་ལྟའི་ཆར་དཀའ་ངལ་ཆེ་ཤོས་རིམས་ནད་མ་ཡིན་པར། སྲིད་གཞུང་གི་ལས་ཀ་བྱེད་ཕྱོགས་དང་མི་མང་ཡུན་རིང་ནང་ལ་བཅུག་སྟེ་ཟ་མ་དང་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་ཡིན་པ་དང་། ད་ལྟའི་ཆར་མི་མང་ནང་ཁུལ་དུ་གནས་སྟངས་དེ་དག་རིམས་ནད་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་པ་ཤེས་ཀྱི་ཡོད་ཀྱང་། དེ་ལྟར་བཤད་པ་ཡིན་ན་ཆབ་སྲིད་ནག་ཉེས་གཡོག་པའི་ཉེན་ཁ་ཡོད་པས། མི་མང་གིས་གོང་རིམས་ལ་ཡར་ཞུ་ཙམ་ལས་གནས་ཚུལ་དངོས་བཤད་ཐུབ་ཀྱི་མེད་པ་དང་། ཚོགས་འདུའི་སྟེང་མི་མང་ལ་དགོངས་དག་ལྟ་བུ་ཞུས་པ་ཙམ་ལས། ད་ལྟའི་ཆར་སྔར་བཞིན་མི་མང་པོ་གང་བྱུང་བཙན་ཁྲིད་བཀག་ཉར་དང་། རིམས་ནད་སྐབས་ཀྱི་གནས་ཚུལ་ཕྱི་ལ་ཁྱབ་བསྒྲགས་བྱས་པ་རིགས་ལ་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ལྷ་ས་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་ཅིག་སྤེལ་བའི་ནང་། ཐེངས་འདིར་འཛིན་བཟུང་བྱས་པ་དེ་དག་ནི་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཝེ་པོ་དང་ཏོ་ཡན་སོགས་ཀྱི་ནང་དཀྲོག་གཏམ་སྤེལ་མཁན་ཡིན་པ་སོགས་བརྗོད་ཡོད་པ་མ་ཟད། རིམས་ནད་སྐབས་ཟིང་སློབ་ཐབས་བྱེད་མཁན་དང་རིམས་ནད་ལས་དོན་ལ་རྒོལ་མཁན། མི་མང་པོ་འདུ་ཐབས་སླད་སྐད་ཆ་གང་བྱུང་དྲ་ལམ་དུ་སྤེལ་མཁན་རིགས་ལ་ཁྲིམས་ལྟར་ཞིབ་བཤེར་ནན་མོ་བྱ་རྒྱུ་ཡིན་པའི་ཉེན་བརྡ་ཞིག་ཀྱང་བཏང་འདུག
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན་ཕྱི་ཚེས་༡༨ཉིན་བར་བོད་རང་སྐྱོང་ལྗོངས་ཡོངས་སུ་པ་༡༨༩འཕར་ཡོད་པ་དང་། ད་ལྟའི་ཆར་མི་གྲངས་༦༧༠༧༣རིམས་ནད་ཟུར་བཀག་འོག་བཞག་ཡོད་སྐོར་བཀོད་འདུག་མོད། མི་འདས་གྲོངས་སུ་སོང་བའི་གནས་ཚུལ་རིགས་བཀོད་ཀྱི་མེད་ཀྱང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན་བོད་མི་གསུམ་རིམས་ནད་རྐྱེན་གྱིས་འདས་གྲོངས་སུ་སོང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།