རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འདུ་ཤེས་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག

2023.06.03
རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འདུ་ཤེས་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག
པར་ཚགས།

ཕྱི་ཟླ་༦ཚེས་༤ཉིན་མོ་དེ་ནི་རྒྱ་ནག་མི་དམངས་བཅིངས་སྒྲོལ་དམག་དཔུང་གིས་རྒྱ་ནག་གི་སློབ་ཕྲུག་གཙོ་བོར་གྱུར་པའི་རྒྱ་ནག་མི་དམངས་ཁྲི་ཚོ་མང་པོས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་དགོས་པའི་རྔམ་སྟོན་བྱེད་བཞིན་པའི་ཐོག་དྲག་གནོན་བྱས་ཏེ་རྒྱ་ནག་མི་དམངས་མང་པོ་དམར་གསོད་བཏང་སྟེ་ལོ་ངོ་ ༣༤ འཁོར་བའི་དུས་དྲན་ཡིན་པ་དང་། རྒྱ་ནག་དམག་དཔུང་གིས་སྐབས་དེ་དུས་དམངས་གཙོའི་དགོས་འདུན་བཏོན་མཁན་གྱི་རྒྱ་ནག་མི་དམངས་ཚོའི་ཐོག་དྲག་གནོན་བྱས་པ་མ་ཟད་། འཆར་གཞི་དང་གོ་རིམ་ལྡན་པའི་ངང་ནས་སྐབས་དེའི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པའི་ཁར་ལོ་རྒྱུས་དེ་བཞིན་རྒྱ་ནག་མི་དམངས་ཚོའི་སེམས་ནང་ནས་སུབ་ཐབས་བྱེད་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཟླ་བ་ཁ་ཤས་ཀྱི་སྔོན་རྒྱ་ནག་གི་ས་གནས་མང་པོའི་ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་འགོག་ཐབས་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་ཐོན་ཡོད་པ་དང་། ལས་འགུལ་དེ་ཡང་ལོ་ངོ་སུམ་ཅུ་སོ་བཞིའི་གོང་པེ་ཅིན་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་སྐབས་མི་གཅིག་གིས་རྒྱ་ནག་དམག་དཔུང་གི་ལྕགས་སྒྲབ་འཁོར་ལོ་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་བསྐྱོད་རྒྱུར་འགོག་ཐབས་ཆེད་རང་ཉིད་གཅིག་པུ་ལྕགས་སྒྲབ་འཁོར་ལོའི་མདུན་དུ་ལངས་སྟེ་སྙིང་སྟོབས་ལ་དཔེ་མཚོན་བཞག་སྟེ་པེ་ཅིན་སི་ཐུང་ཟམ་པའི་ཐོག་ངོ་རྒོལ་བ་ཞིག་གིས་ཞིའི་ཅིན་ཕིང་གི་འགོ་ཁྲིད་པའི་རྒྱ་ནག་གི་དཔོན་རིགས་དང་སྲིད་བྱུས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ཡིག་འབྲུ་འཁོད་པའི་ཕྲེད་དར་སྦྱར་ཏེ་ཤོག་བུ་དཀར་པོའི་ངོ་རྒོལ་གྱི་ལས་འགུལ་དེ་བྱུང་ཡོད་པའི་སྐོར་བཀོད་འདུག་ལ། ཤོག་དཀར་ལས་འགུལ་དེ་ཡང་ཕྱི་ལོ་ ༡༩༨༩ ལོའི་པེ་ཅིན་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་གྱི་རྗེས་རྒྱ་ནག་ནང་བྱུང་བའི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་དགོས་པའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།

གནམ་བདེ་སྒོ་མོའི་ལས་འགུལ་དང་།  བོད་ནང་དགུ་བཅུ་གསུམ་གྱི་ཞི་རྒོལ་ཆེན་མོ།

ཕྱི་ལོ་༡༩༨༩ པེ་ཅིན་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་དམངས་གཙོའི་ལས་འགུལ་སྤེལ་བའི་ལོ་དེའི་ཕྱི་ཟླ་གསུམ་པའི་ཚེས་ ༥ ནས་ ༧ བར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཡང་ལྷ་ལྡན་སྨོན་ལམ་སྐབས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པས་གཙོས་མི་མང་བརྒྱ་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་མི་གྲངས་བདུན་ཅུ་ལྷག་གི་ཚེ་སྲོག་ཤོར་པའི་གནས་ཚུལ་བྱུང་ཡོད་པ་དང་། གཞུང་འབྲེལ་མིན་པའི་གནས་ཚུལ་ཁག་གིས་བརྗོད་པ་ལྟར་ན་སྐབས་དེ་དུས་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བྱས་ཡོད་པ་དང་། ༡༩༨༩ ཕྱི་ཟླ་ ༣ ཚེས་ ༧ ལ་དྲག་པོའི་བཀག་རྒྱ་བདམས་ཤིང་། དེའི་རྗེས་ཀྱི་ལོ་ངོ་གསུམ་ཙམ་རིང་བོད་ནང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་པོ་ཆགས་ཡོད་པ་རེད།
གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ལོ་ངོ་སུམ་ཅུ་ལྷག་འཁོར་གྱི་ཡོད་པ་དང་བསྟུན་རྒྱ་ནག་གཞུང་གིས་ངེས་པར་དུ་དོན་རྐྱེན་དེར་དག་སེལ་བྱ་དགོས་པའི་ཁར་། གྲོས་མོལ་གྱི་ལམ་བུའི་ཐོག་ནས་བོད་རྒྱའི་དཀའ་གནད་སེལ་ཐབས་གནང་དགོས་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འབོད་སྐུལ་གནང་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ད་རེས་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་འོག་སྤྱི་འཐུས་རྣམ་པར་འགྲོ་གྲོན་གཏོང་སྟངས་སྒྲིག་གཞི་ཁ་གསལ་མེད་པ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎