ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག

2024.06.10
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་བྱུང་བའི་མཛད་སྒོ། ༠༦།༠༩།༢༠༢༤
པ་སངས་དོན་ལྡན། /RFA

ཕྱི་ཟླ་༦པའི་ཚེས་༩གཟའ་ཉི་མ་ཉིན། ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གཙོས་བོད་དམག་ལ་དེ་སྔ་སྤྱི་ལོ་༡༩༥༨ནས་༡༩༦༤་བར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དམག་སྦྱོང་སྤྲོད་སའི་དམག་སྒར་ཆགས་ཡུལ་ས་གནས་དངོས་རྩད་ཆོད་ཐུབ་སྟེ་རྗེས་དྲན་མཛད་སྒོ་ཞིག་ཚོགས་པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་གཞུང་འབྲེལ་ཆེད་ཕེབས་དང་། གཏམ་བཤད་སྐབས་དམག་སྦྱོང་བྱེད་མཁན་གྲས་སུ་བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་ཡོད་པ་གསལ་སྟོན་གནང་སོང་།

ད་དུང་རྗེས་དྲན་མཛད་སྒོའི་ཐོག་(Camp Hale)་ས་ཁུལ་དུ་དམག་སྦྱོང་བྱེད་མཁན་བོད་མི་༣༠༠མ་ཟིན་ཙམ་གྱི་མིང་ཐོ་དང་ལུང་ཚན་སོགས་སྒྲོག་སྦྱང་གནང་བའི་ནང་། དམག་སྦྱོང་བྱེད་མཁན་རྣམས་ཀྱི་གྲས་སུ་བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་འདུག
མཛད་སྒོའི་ཐོག་མ་ས་གནས་ཆུ་སྒང་ཚོགས་གཞོན་བསྟན་འཛིན་ནོར་བཟང་ལགས་ཀྱིས་ཕེབས་བསུའི་གཏམ་བཤད་གནང་བ་དང་། དེ་ནས་མཁན་རིན་པོ་ཆེ་བློ་བཟང་ཚེ་འཕེལ་ལགས་ཀྱིས་རབ་གནས་གསོལ་འདེབས་གནང་བ། བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་དྲན་རྟེན་མཛད་སྒོའི་ཐོག་བོད་མི་ཚོའི་གཅིག་སྒྲིལ་གྱི་གལ་གནད་སྐོར་དང་། ཁོང་ཆུ་སྒང་གི་ཁོངས་གཏོགས་ཡིན་པས་སྤོབས་པ་ཡོད་ཅེས་གསུངས་སོང་།

The Secret Garden A memorial gathering at Camp Hale National Monument in Colorado (3).jpg
བོད་པ་མང་ཆེ་བ་སྡོད་ས་(Boulder)་གྲོང་ཁྱེར་ནས་མཛད་སྒོ་ཚོགས་ཡུལ་ལ་ཆུ་ཚོད་༢ཙམ་རིང་རླངས་འཁོར་བཏང་ནས་ཡོང་དགོས་ཀྱི་ཡོད་ཅིང་། གཟའ་ཉི་མའི་ཉིན་གནམ་གཤིས་ཡག་ལ་ཉི་འོད་འཕྲོ་ཞིང་ས་གནས་གྱི་བོད་པ་རྣམས་ཀྱིས་གཟབ་འཆོས་ལེགས་པར་སྤྲས་ནས་ཐག་རིང་ནས་མཛད་སྒོ་དེར་ཕེབས་འདུག
(Camp Hale)་གནས་འདི་ནི་རི་མཐོན་པོ་དང་ཤིང་ནགས་མཐུག་པོ་སྤང་ལྗོངས་ཡང་ཡོད་པ། ཡུལ་ལྗོངས་དེ་བོད་དང་འདྲ་བ་བཅས་ལ་བརྟེན་ནས་དམག་སྦྱོང་མཁན་བོད་པ་ཚོས་ས་ཆ་དེ་ལ་དགའ་མོས་ཆེན་པོའི་ཐོག་ནས་ལྡུམ་རྭ་ཞེས་མིང་ཡང་བཏགས་ཡོད་པ་རེད་ཅེས་སློབ་དཔོན་(Carole Macgranaha)་ལགས་ཀྱིས་ངོ་སྤྲོད་གནང་སོང་།
གཏམ་བཤད་སྤེལ་མཁན་མང་པོ་བྱུང་ཡོད་པའི་ནང་ནས་ཚང་མའི་ལོ་རྒྱུས་ལ་ཕྱི་བལྟས་ཀྱིས་རྗེས་དྲན་གུས་འདུད་དང་སེམས་ཤུགས་བསྐྱེད་དགོས་པ། ལྷག་པར་དུ་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བོད་ནང་ཆུ་སྒང་བསྟན་སྲུང་དང་བླངས་དམག་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྒྱ་ནག་ལ་འཐབ་རྒོལ་བྱས་པ་དེ་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཚད་མཐོ་ཤོས་དེ་ཡིན་ལུགས་བརྗོད་སོང་།
ས་གནས་དེར་དེ་སྔོན་ཨ་རིའི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། དགུན་ཁའི་དམག་འཁྲུག་གི་ཆེད་དུ་དམག་སྡེ་ཨང་༡༠པ་ཞེས་པའི་དམག་མི་རྩེ་ཕུད་ཚོར་དམག་སྦྱོང་སྤྲོད་ས་ཞིག་ཀྱང་ཡིན་འདུག

Camp Hale.JPG
བོད་པའི་འཇབ་དམག་ལ་དམག་སྦྱོང་སྤྲོད་སྐབས་བོད་དམག་མ་གཏོགས་གཞན་མེད་པ་དང་། དམག་སྒར་དེའི་མཐའ་ཡོངས་སུ་ལྕགས་ར་བསྐོར་ནས་གང་སར་དམག་མི་བལྟ་སྲུང་བྱེད་མཁན་བཞག་ཡོད་པ་རེད་འདུག ཡིན་ན་ཡང་ཨ་རི་གཞུང་གིས་(Camp Hale)་ས་གནས་དེར་བོད་དམག་ལ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དམག་སྦྱོང་སྤྲད་པ་གཞུང་འབྲེལ་ངོས་ལེན་གྱིས་དྲན་རྟེན་རྡོ་རིང་ཞིག་༢༠༡༠ཟླ་༩ཚེས་༡༠ཉིན་བསླངས་ཡོད་ཀྱང་། སྐབས་དེར་སྦྱོང་བརྡར་སྤྲོད་ཡུལ་གྱི་ས་གནས་ཆགས་ཡུལ་ཏག་ཏག་ངོས་འཛིན་མ་ཐུབ་པར་ད་བར་ལྷག་ཡོད་འདུག
མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་དང་མི་མང་རྣམ་པས་ད་རེས་བོད་པའི་དམག་སྒར་དངོས་སུ་ར་སྤྲོད་བྱུང་བར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་བྱུང་ཡོད་པ་གསུངས་ཀྱི་འདུག
རྗེས་དྲན་མཛད་སྒོ་དེ་(Colorado)་གཙུག་ལག་སློབ་གྲྭ་ཆེན་མོའི་མི་རྒྱུད་རིག་པ་སྡེ་ཚན་དང་སློབ་ཆེན་དེའི་ནང་བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་ཁང་། (Colorado)་མདོ་ཁམས་ཆུ་བཞི་སྒང་དྲུག (Vail Symposium)་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བ་ཞིག་རེད་འདུག

The Secret Garden A memorial gathering at Camp Hale National Monument in Colorado (1).jpg
ད་རེས་རྗེས་དྲན་འདུ་འཛོམས་ཐོག་རྒྱ་གར་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དང་། བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས། རྒྱ་གར་ནས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ལགས་བཅས་དང་། དབུས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དང་བཀའ་ཟུར་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། བཀའ་ཟུར་པདྨ་ཆོས་འབྱོར་ལགས། དེ་བཞིན་དགོང་ལོ་༩༡ཕེབས་པའི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་བོད་དམག་ལ་སྦྱོང་བརྡར་སྤྲོད་མཁན་སྐུ་ཞབས་(Bruce Walker)་ལགས། དེ་བཞིན་སྐབས་དེ་དུས་བོད་པའི་སྐད་བསྒྱུར་བ་ཚེ་རིང་རྡོ་རྗེ་ལགས་དང་། བོད་ནང་དགེ་འདུན་ཡིན་པ་རྗེས་སུ་ཆུ་སྒང་བསྟན་སྲུང་དང་བླངས་དམག་ནང་ཞུགས་མྱོང་མཁན་དགའ་ལྡན་བྱང་རྩེ་མཁན་ཟུར་བློ་བཟང་ཚེ་འཕེལ་ལགས། ས་གནས་དེར་དམག་སྦྱོང་བྱས་མྱོང་མཁན་གྱི་ཤུལ་ལུས་ནང་མི་བཅས་ཕྱི་ནང་གི་སྐུ་མགྲོན་བརྒྱ་སྐོར་ཙམ་ཆེད་ཕེབས་གནང་འདུག


གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧ཞབས་སོར་བདེ་བར་འཁོད་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎