ཉི་ཧོང་དུ་བོད་ཀྱི་དུས་ཆེན་སྲུང་བརྩི་དང་མཉམ་༧པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐད་ཞུ་གཏུག་གནང་ཡོད་འདུག

ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་གིས་ཉི་འོང་གི་རྒྱལ་སའི་ཚུ་ཀི་ཇི་ཧོང་ཝན་ཇི་ལྷ་ཁང་(Tsukiji Hongwanji)་དུ་ཟླ་འདིའི་ཚེས་༤་དང་༥་བཅས་ཉིན་གཉིས་རིང་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་གནང་སྟེ་བོད་ཀྱི་ནང་ཆོས་དང་། རིག་གཞུང་ངོ་སྤྲོད་ཀྱིས་ཉི་ཧོང་མི་མང་དང་ཡུལ་སྐོར་བ་ཚོར། བོད་ཀྱི་ནང་ཆོས་དང་། ལོ་རྒྱུས། རིག་གཞུང་ཕུན་སུམ་ཚོགས་པ་ཡོད་པ་སོགས་བོད་དོན་ཁྱབ་བསྒྲགས་བྱས་བ་དང་མཉམ། ༧སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་གཉིས་ཉི་འོང་དུ་ཕེབས་པ་དང་བསྟུན། ཉི་འོང་གྲོས་ཚོགས་ཀྱི་འཐུས་མི་སོགས་གནད་ཡོད་མི་སྣར་མཇལ་འཕྲད་གོ་སྒྲིག་ཞུས་ཏེ་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐད་ཞུ་གཏུག་གནང་ཡོད་པ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བཀྲ་ཤིས་གཡང་འཛོམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

ད་རེས་བོད་ཀྱི་དུས་སྟོན་ལས་གཞིར་རྒྱབ་སྐྱོར་གནང་མཁན་བོད་སྐྱོབ་འབྲེལ་མཐུད་ལས་ཁང་ཡིན་པ་དང་། ཨ་རིའི་ནང་ཡོད་པའི་བོད་སོག་ནང་བསྟན་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་དང་། བཀྲ་ཤིས་ལྷུན་པོ་དགོན་པའི་སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་གཉིས་ནས་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་། བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར། སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་དར་ཁྱབ་ཆེ་བའི་རྒྱུ་མཚན་སྐོར་གསུང་བཤད་གནང་ཞིང་། གཟིག་རྒྱབ་རིན་པོ་ཆེས་བློ་ལྡོག་རྣམ་བཞིའི་གསུང་ཆོས་གནང་ཡོད་འདུག
དེ་བཞིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གསུང་བཤད་གནང་སྐབས་ཚོགས་བཅར་བ་རྣམས་ལ། ཕྱི་ལོ་༡༩༠༨ལོར་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་དང་ནིའུ་ཤི་ཧོང་ཝན་ཇིའི་ཆོས་རྗེ་ཨོ་ཏ་ནི་སོན་ཡ་གཉིས་མཇལ་འཕྲད་གནང་བ་ནས་བཟུང་། བོད་དང་ཉི་ཧོང་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་གྲུབ་ཚུལ་སོགས་དང་། དེ་བཞིན་༧གོང་ས་མཆོག་གི་སྐུ་མཆེད་སྟག་འཚེར་རིན་པོ་ཆེ་ཉི་ཧོང་དུ་བཞུགས་སྐབས་ཕྱི་ལོ་༡༩༥༠ནང་ཙམ་ལ་ཙུ་ཀི་ཇི་ཧོང་ཝན་ཇི་ལྷ་ཁང་གི་མཁན་པོ་ཀི་ཏཱ་ཀེ་ཀྱོ་ཤིན་གྱིས་ཕྱག་རོགས་ཇི་ལྟར་ཞུས་ཚུལ་སོགས་ངོ་སྤྲོད་གནང་འདུག གོང་ཞུས་ལྷ་ཁང་གི་མཁན་པོ་ཀི་མུ་ར་ ཏོ་མུ་ར་ཡིས་(Kimura Tomohiro)་ཚོགས་བཅར་བ་ཚོར་འཚམས་འདྲི་ཞུས་པ་དང་སྦྲགས། བོད་དང་ཧོང་ཝན་ཇི་གཙུག་ལག་ཁང་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བའི་སྐོར་དང་། དུས་སྟོན་འདི་བརྒྱུད་ནས་རྩ་ཆེ་བའི་འབྲེལ་བ་རྙིང་པ་དེ་སླར་གསོ་ཐུབ་པར་དགའ་ཚོར་བྱུང་ཚུལ་སོགས་གསུངས་ཡོད་འདུག
དེ་བཞིན་ཉི་ཧོང་གི་ཀི་འོ་(Keio)་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་ཆེན་མོ་ཨི་མོ་ཏོ་་ཡུ་ཀི་(Imoto Yuki)་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། ཀྲོག་ཀྱོ་(Tokyo)་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཧོ་ཤི་་དབྱི་སུ་མི་(Hoshi Izumi )་ལགས་ཀྱིས་བོད་ཀྱི་གཏམ་རྒྱུད་ཀྱི་རིག་གཞུང་ཕུན་སུམ་ཚོགས་པའི་སྐོར་གསུང་བཤད་གནང་འདུག
བོད་ཀྱི་དུས་སྟོན་གྱི་སྐབས་ཁོར་ཡུག་ཀུན་ཏུ་རླུང་རྟ་བཙུགས་པ་དང་། བོད་ཀྱི་ཅ་དངོས་འགྲེམས་སྟོན། བོད་ཟས་རོལ་མྱོང་འགྲེམས་སྟོན་སོགས་གནང་ཡོད་པ་མ་ཟད། བོད་ཀྱི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་སོགས་ནས་གཞས་སྣ་གཟིགས་འབུལ་དང་། ཚོགས་བཅར་བ་རྣམས་ལ་བོད་ཀྱི་ཞབས་བྲོ་སློབ་ཁྲིད། སྒོར་གཞས་སྐོར་བྲོ་ལ་མཉམ་རོལ་གྱིས་བོད་ཀྱི་དུས་སྟོན་མཇུག་སྒྲིལ་ཡོད་འདུག།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།