འཇར་མན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེན་དུ་ངོས་འཛིན་གནང་གི་འདུག

2024.04.09
འཇར་མན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེན་དུ་ངོས་འཛིན་གནང་གི་འདུག འཇར་མན་(German)་གྱི་དབུ་ཁྲིད་(Olaf Scholz)་ལགས། ༠༣།༢༢།༢༠༢༤
AP Photo/Omar Havana

དེ་ཡང་འདི་ཚེས་༡༣རེས་གཟའ་སྤེན་པའི་ཉིན་འཇར་མན་(German)་གྱི་དབུ་ཁྲིད་(Olaf Scholz)་ལགས་རྒྱ་ནག་ནང་ཕེབས་འཆར་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྐབས་དེར་རྒྱ་ནག་གི་དབུ་ཁྲིད་རྣམས་དང་མཉམ་དུ་བོད་དོན་གླེང་སློང་གནང་མིན་ཐད་འཇར་མན་གཞུང་ལ་འདྲི་རྩད་བྱས་སྐབས། འཇར་མན་གཞུང་གི་གསར་འགོད་མགྲིན་ཚབ་པས་ཡིག་ཐོག་ལན་འདེབས་གནང་བའི་ནང་། སྤྱིར་བཏང་ཇར་མན་གཞུང་གི་ལངས་ཕྱོགས་སྲིད་ཇུས་ལྟར། རྒྱ་ནག་ནི་མཉམ་ལས་བྱེད་ཡུལ་དང་ཡང་ན་འགྲན་ཟླ་ཞིག་ཡིན་ན་དང་། འཇར་མན་གཞུང་གིས་ཡུལ་ལུང་ཚང་མའི་ལོ་རྒྱུས་དང་རིག་གཞུང་བཅས་ལ་གུས་བརྩི་ཞུ་བཞིན་པ་དང་མཉམ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་དོར་ཐབས་མེད་པར་གལ་ཆེན་དུ་བརྩི་བཞིན་ཡོད་པས། འཇར་མན་གྱི་དབུ་ཁྲིད་(Olaf Scholz)་ལགས་རྒྱ་ནག་ནང་ཕེབས་སྐབས་ཀྱི་སྐབས་དོན་གསར་འགོད་གསལ་བསྒྲགས་སོགས་ལ་ཐུགས་སྣང་གནང་རོགས་ཅེས་བཀོད་འདུག
དེ་དང་མཉམ་འཇར་མན་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Tibet Initiative Deutschland)་དང་། རྒྱལ་སྤྱིའི་བོད་དོན་ལས་ཁང་སོགས་ཇར་མ་ནིའི་ནང་གི་གཞུང་འབྲེལ་ཚོགས་པ་མང་པོས་ཇར་མ་ནིའི་དབུ་ཁྲིད་( Olaf Scholz)་ལགས་རྒྱ་ནག་ནང་ཕེབས་འཆར་ཡོད་པ་དང་བསྟུན་ནས། བོད་དང་ཤར་ཏུར་ཀིསུ་ཐན། ལྷོ་སོག་པོ་དང་ཧོང་ཀོང་ནང་གི་གནས་སྟངས་སོགས་ཀྱི་སྐོར་རྒྱ་ནག་གི་དཔོན་རིགས་ཚོི་དང་ལྷན་དུ་གླེང་སློང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བསྟན་འཛིན་(Lynda)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མ་ཎིའི་ཡན་ལག་འགན་འཛིན་(Kai Müller) ལགས་ཀྱིས་ཀྱང་། རྒྱ་ནག་གཞུང་གིས་བོད་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ལག་ལེན་བསྟར་བཞིན་པ་ཁག་མཚམས་འཇོག་དགོས་པ་དང་། བོད་ནང་རྒྱ་ནག་གཞུང་གིས་བཙུགས་པའི་མི་རིགས་རྒྱ་བསྒྱུར་གྱི་བཅའ་སྡོད་སློབ་གྲྭ་ཁག་མཚམས་འཇོག་དགོས་པ། བོད་མི་རྣམས་བཙན་ཤེད་འོག་ས་གནས་འདྲ་མིན་ལ་གནས་སྤོར་བྱེད་ཏུ་འཇུག་བཞིན་པ་སོགས་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཉེན་ཚབས་ཆེ་བ་ཁག་མཚམས་འཇོག་ཡོང་ཐབས་སུ་ཇར་མ་ནིའི་དབུ་ཁྲིད་(Chancellot Olaf Scholz)་ལགས་ཀྱིས་ད་རེས་རྒྱ་ནག་ནང་ཟླ་འདིའི་ཚེས་༡༣ནས་ཚེས་༡༦བར་གཟིགས་སྐོར་སྐབས་རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་གནད་དོན་དེ་དག་གཙོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ངེས་བར་དུ་གླེང་སློང་དགོས་པའི་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་སོགས་སྤེལ་ཡོད་པ་ངོ་སྤྲོད་གནང་བྱུང་།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎