འཇར་མན་གཞུང་གིས་བོད་ནང་གི་ཆོས་དད་སོགས་ཀྱི་གནས་སྟངས་ཐད་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་བརྗོད་བྱུང་།

2023.07.21
འཇར་མན་གཞུང་གིས་བོད་ནང་གི་ཆོས་དད་སོགས་ཀྱི་གནས་སྟངས་ཐད་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་བརྗོད་བྱུང་། འཇར་མན་གཞུང་གིས་རྒྱ་ནག་ལ་འཐབ་ཇུས་འཛིན་སྟངས་ཀྱི་ཡིག་ཆ།
སྒྲིག་བཟོ། /RFA

ཉེ་ལམ་ཕྱི་ཟླ་༧པའི་ཚེས་༡༤ཉིན་འཇར་མན་(Germany)་གཞུང་གིས་རྒྱ་ནག་ལ་བརྟེན་རྒྱུ་ཉུང་འཕྲིའི་འཐབ་ཇུས་ཡིག་ཆ་དང་པོ་ཞེས་པ་བཏོན་ཞིང་། དེའི་ནང་རྒྱ་ནག་གཞུང་གིས་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པའི་གནད་དོན་འབུར་བཏོན་བྱས་འདུག ཤོག་གྲངས་༦༤ཡོད་པའི་འཐབ་ཇུས་ཡིག་ཆ་དེའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་སྐྱེད་རང་བཞིན་གྱི་བྱ་ཐབས་འཛིན་བཞིན་པའི་ནང་བདེ་འཇགས་དང་བརྟན་ལྷིང་ལ་དོ་སྣང་བྱེད་བཞིན་ཡོད་པ་བཀོད་པ་དང་ཆབས་ཅིག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ཁག་ནང་བཀོད་པ་ལྟར། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ནང་དུ་སྨྲ་བརྗོད་དང་གསར་འགོད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་དང་། གྲངས་ཉུང་མི་རིགས་ལ་དྲག་གནོན། ཁོང་ཚོའི་ཆོས་ལུགས་དད་མོས་ལ་རྡོག་རོལ་གཏོང་བཞིན་པའི་དཀའ་ངལ་མུ་མཐུད་དུ་འཕྲད་མུས་ཡིན་པ་གསལ་སྟོན་གནང་འདུག
ཕྱི་ཟླ་༧ཚེས་༢༠ཉིན་འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་ལན་འདེབས་གནང་བའི་ནང་། འཇར་མན་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྲོལ་རྒྱུན་གྱི་མི་ཚེ་སྐྱེལ་སྟངས་བཅས་ལ་རྒྱ་ནག་གཞུང་གིས་བཙན་གནོན་རྡོག་རོལ་གཏོང་བཞིན་པའི་སྙན་ཐོ་དང་འབྲེལ། ང་ཚོས་བློ་ཚབས་དང་བཅས་ལྟ་ཞིབ་ནན་པོ་བྱས་བསྡད་ཡོད་ལ། བོད་མི་ཚོའི་ཆོས་དད་རང་དབང་སོགས་ཆོས་ཕྱོགས་ཀྱི་བྱ་བ་རང་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཡོད་ཅེས་འཁོད་འདུག ལྷག་པར་དུ་འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་ལན་འདེབས་དེའི་ནང་། ཆོས་ལུགས་རྗེས་འབྲངས་པ་ཚོར་སོ་སོའི་ཆོས་ཕྱོགས་ཀྱི་འགོ་ཁྲིད་འདེམས་བསྐོ་བྱ་རྒྱུའི་ཐོབ་ཐང་དགོས་པར་ཡང་ཡིད་ཆེས་བྱེད་བཞིན་ཡོད་ཅེས་བརྗོད་འདུག་ལ། འཇར་མན་དབུས་གཞུང་གིས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཁོར་ཡུག་ལ་སོགས་པའི་ནང་གླེང་སློང་བྱེད་བཞིན་ཡོད་པར་མ་ཟད། འཇར་མན་དང་རྒྱ་ནག་ཡུལ་གྲུ་གཉིས་ཀྱི་གྲོས་མོལ་སྐབས་ཀྱང་ཐད་ཀར་གླེང་སློང་བྱེད་བཞིན་ཡོད་པ་བརྗོད་བྱུང་།
འཐབ་ཇུས་ཡིག་ཆ་དེའི་དོན་ཚན་༣པའི་ནང་གསེས་༣པའི་ནང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་གནད་དོན་གླེང་སྐབས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་། འགྲོ་བ་མི་ཚང་མར་ཐོབ་ཐང་དང་རང་དབང་འདྲ་མཚུངས་ཡོད་པ་བཀོད་ཡོད་པ་བཞིན། འཇར་མན་གཞུང་གིས་རྒྱ་ནག་དང་འབྲེལ་བ་བྱེད་པའི་སྐབས། བོད་དང་ཤིན་ཅང་ནང་གི་ཡུ་གུར་མི་རིགས། ཧོང་ཀོང་གི་གནས་སྟངས་བཅས་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་དང་། མི་སྣ་བྱེ་བྲག་པའི་གནད་དོན་ཐད་ལྟ་ཞིབ་དང་གླེང་སློང་བྱ་རྒྱུ་ཡིན་ཞེས་བཀོད་འདུག
ཐེ་ཝན་ནང་གནས་སྡོད་རྒྱ་ནག་དང་ཡོ་རོབ་བར་གྱི་འབྲེལ་ལམ་ཉམས་ཞིབ་པ་(Anna Ferenczy)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འཇར་མན་གཞུང་གིས་རྒྱ་ནག་ལ་བརྟེན་རྒྱུ་ཉུང་འཕྲིའི་འཐབ་ཇུས་ཡིག་ཆ་ཐོག་མ་དེ་བཞིན། རྒྱ་ནག་ལ་འགྱུར་བ་འགྲོ་བཞིན་པའི་གནས་བབ་ལ་གཞིར་བཞག་ནས་བཏོན་ཡོད་པ་དང་། དེ་ཡང་ཡིག་ཆ་དེ་གཙོ་བོ་ཡུལ་གཉིས་བར་གྱི་དཔལ་འབྱོར་གྱི་འབྲེལ་ལམ་གཞིར་བཞག་ནས་བཏོན་ཡོད་ཀྱང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཞན་པོ་ཡོད་པ་ཡང་གླེང་ཡོད། དེ་བས་མ་འོངས་པར་འཇར་མན་གཞུང་གིས་རྒྱ་ནག་མཉམ་འབྲེལ་བ་བྱེད་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་ཡིན་པའི་བརྡ་བསྟན་ཡོད་པ་བརྗོད་བྱུང་།
དེ་འབྲེལ་འཇར་མན་གྱི་སྲིད་འཛིན་(Chancellor Olf Scholz)་ལགས་ཀྱིས་ཁོང་གི་(twitter)་དྲྭ་བར། ང་ཚོའི་དམིགས་ཡུལ་ནི་རྒྱ་ནག་ཁེར་རྐྱང་དུ་འཇོག་རྒྱུ་དེ་མིན་ལ། མ་འོངས་པར་རྒྱ་ནག་ལ་ཧ་ཅང་བློ་གཏད་དང་རེ་བཅོལ་ཆེན་པོ་བྱེད་མི་དགོས་པའི་ཆེད་དམིགས་པ་ཡིན་ཞེས་བྲིས་འདུག
ཨ་མི་རི་ཀ་ནི་བོད་དོན་ཐད་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་དེ་ཡིན་ཞིང་། ཨ་རིའི་གཞུང་གི་ངོས་ནས་བོད་རྒྱ་འབྲེལ་མོལ་འབྱུང་ཐབས་དང་། ལྷག་པར་དུ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུར་ཨ་རིའི་མཐུན་ཕྱོགས་ཡུལ་གྲུ་ཁག་དང་མཉམ་འབྲེལ་གྱི་ལས་དོན་སྤེལ་ཐབས་གནང་བཞིན་ཡོད་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལན་མང་གསུངས་ཡོད་པ་རེད།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎