ཇར་མཎ་ནི་དང་རྒྱ་ནག་གི་དཔལ་འབྱོར་ཚོགས་འདུ་དང་འབྲེལ་བོད་དོན་རྒྱབ་སྐྱོར་ཚོགས་པས་ངོ་རྒོལ་གནང་འདུག

ཇར་མཎ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Tibet-Intiative Deustchland)་ཡིས་ཇར་མཎ་ནིའི་གྲོང་ཁྱེར་(Darmstadt)་ནང་ཚོགས་བཞིན་པའི་ཇར་མཎ་ནི་དང་རྒྱ་ནག་གཉིས་ཀྱི་དཔལ་འབྱོར་ཚོགས་འདུ་ཐེངས་༡༠་པའི་ནང་ཡུལ་དེའི་ཚོང་པའི་སྐུ་ཚབ་དང་སྲིད་དོན་པ། དེ་བཞིན་ཁེ་གཉེར་ལས་ཁང་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་བྱས་པར་ངོ་རྒོལ་དང་སྐྱོན་བརྗོད་བྱས་འདུག
ད་དུང་ཕྱི་ཟླ་༡༠བའི་ཚེས་༦་དང་༧་ཉིན་ཚོགས་འདུ་ཚོགས་ཡུལ་དེར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་བ་དང་། ཇར་མཎ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་(Lynda Zoechbauer)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ང་ཚོ་ཇར་མཎ་ནིའི་གྲོང་ཁྱེར་(Darmstadt)་ནང་ཚོགས་བཞིན་པའི་ཇར་མཎ་ནི་དང་རྒྱ་ནག་གི་དཔལ་འབྱོར་ཚོགས་འདུ་ཐེངས་༡༠པ་འཚོགས་སར་འདུ་འཛོམས་བྱས་ཏེ། གཙོ་བོ་རྒྱ་ནག་གི་དྲག་རྩུབ་ཆེ་བའི་སྲིད་ཇུས་འོག་བོད་ནང་གི་བོད་མི་རྣམས་དང་། ཤར་ཏུར་ཀིསི་ཐན་ནང་གི་ཡུ་གུར་མི་མང་རྣམས་ལ་རྒྱབ་སྐྱོར་ཞུ་ཕྱིར་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱས་བ་དང་། ཚོགས་འདུར་འགྲོ་མཁན་ཚོར་བོད་ནང་དང་ཤར་ཏུར་ཀིསི་ཐན་ནང་གི་གནས་སྟངས་ངོ་སྤྲོད་བྱས་ཡོད་འདུག
ཚོགས་འདུ་དེ་ནི་ཇར་མཎ་ནིའི་སྲིད་དོན་ཚོགས་པ་(DPD)་ཡི་ཆབ་སྲིད་མི་སྣ་ཟུར་པ་(Hodosherfin)་ཡིས་གོ་སྒྲིག་ཞུས་སྟབས། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་མ་ཞུས་བའི་བར་དུ་ཇར་མཎ་ནི་དང་རྒྱ་ནག་གཉིས་བར་ཚོང་འབྲེལ་བྱེད་མི་དགོས་པའི་ཛ་དྲག་གི་དགོས་འདུན་བཏོན་གྱི་ཡོད་ཅེས་གསུངས་བྱུང་།
ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་དེ་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དོན་ལྟར་ན། ཚོགས་འདུ་དེའི་ནང་མཉམ་ཞུགས་བྱེད་མཁན་ཇར་མཎ་ནིའི་ངོས་ནས་ཇར་མཎ་ནིའི་ནང་སྲིད་བློན་ཆེན་ཟུར་པ་(Hans-Peter Frederich)་དང་། གྲོང་ཁྱེར་(Darmstadt)་ཡི་སྤྱི་ཁྱབ་(Hanno Benz)་སོགས་ཆབ་སྲིད་མི་སྣ་དང་། ཡང་རྒྱ་ནག་རིག་པ་བ་(Doris Fischer)་དང་། (Zeppelin)་གཙུག་ལག་སློབ་གྲྭ་ཆེན་མོའི་དབུ་འཛིན་དང་། རྒྱ་ནག་རིག་པ་བ་(Klaus Muhlhahn)་སོགས་མཉམ་ཞུགས་བྱས་ཡོད་པ་མ་ཟད། (Allianz)་དང་། (Merck) (BMW) (Bosch)་སོགས་ཁེ་གཉེར་ལས་ཁང་ཁག་གི་སྐུ་ཚབ་ཚོས་ཚོགས་འདུ་དེའི་ཐོག་གཏམ་བཤད་བྱས་ཡོད་པ་དང་། རྒྱ་ནག་གི་ངོས་ནས་མ་མཐར་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ལས་ཁུངས་ཀྱི་མི་སྣ་གཉིས་མཉམ་ཞུགས་བྱས་པ་མ་ཟད། གཏམ་བཤད་ཀྱང་བྱས་ཡོད་སྐོར་གསལ་བསྒྲགས་ནང་བཀོད་འདུག་པས། དེའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འབྲེལ་ཡོད་ཚོགས་འདུ་གོ་སྒྲིག་གནང་མཁན་ལ་ཡིག་འབྲེལ་བྱས་ཏེ་དངོས་འབྲེལ་ཡིན་མིན་སོགས་བཀའ་འདྲི་ཞུས་པར། ད་བར་ལན་འདེབས་གང་ཡང་བྱུང་མ་སོང་། འོན་ཀྱང་བསྟན་འཛིན་(Lynda)་ལགས་ཀྱིས་གསུངས་ན། རྒྱ་ནག་དམར་ཤོག་གི་གསང་བའི་མི་སྣ་མཉམ་ཞུགས་བྱས་པ་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ལ་རྒྱབ་སྐྱོར་ཐོབ་སླད་ཇར་མཎ་ནིའི་ནང་དྲྭ་རྒྱ་འཛུགས་ཕྱིར་ཡིན་པ་དང་། ཚོགས་འདུ་དེ་རང་དབང་ཅན་ཞིག་ཡིན་མིན་དྲི་བ་ཡོང་གི་ཡོད་པ་དང་། ད་རེས་ཀྱི་ཚོགས་འདིའི་ནང་རྒྱ་ནག་དམར་ཤོག་པ་ཚོགས་པའི་དྲིལ་བསྒྲགས་ལ་གལ་ཆེའི་སྡིངས་ཆ་དེ་འདྲ་སྤྲོད་རྒྱུ་ཡོད་མ་རེད་ཅེས་ཀྱང་གསུངས་ཀྱི་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།