རྡོ་རྗེ་གླིང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཡན་ལག་ཚོགས་པ་གསར་བཙུགས་གནང་འདུག
དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་གནང་སྟེ། ནུབ་བྷེན་གྷལ་མངའ་སྡེའི་ས་གནས་རྡོ་རྗེ་གླིང་ནང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གིས་ཚོགས་ཁང་དུ། འདི་ཚེས་༣༠ཉིན་རྡོ་རྗེ་གླིང་ཁུལ་གྱི་ས་གནས་བོད་རིགས་ལྷན་འཛོམས་ཀྱི་ཚོགས་འདུ་བསྐོང་ཚོགས་ཐོག་ས་གནས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཡན་ལག་ཚོགས་པ་(India-Tibet Friendship Society)་གསར་བཙུགས་གནང་ཡོད་པ་རེད་འདུག
དེ་ནི་རྡོ་རྗེ་གླིང་ཁུལ་དུ་ས་གནས་ཡུལ་མིའི་ཁྲོད་བོད་དོན་གོ་རྟོགས་དང་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་ཐོབ་ཆེད་ས་གནས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཡན་ལག་ཚོགས་པ་(India-Tibet Friendship Society)གསར་འཛུགས་གནང་བ་དང་། ཚོགས་པའི་ཚོགས་གཙོར་བསམ་གྲུབ་འབྲུག་པ་ལགས་དང་། གཞན་རྒྱུན་ལས་གྲངས་བཅུ་གཅིག་བསྐོ་བཞག་གནང་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཚོགས་པའི་ཚོགས་གཙོ་བསམ་གྲུབ་འབྲུག་པ་ལགས་སུ་མ་འོངས་ལས་དོན་གནང་ཕྱོགས་ཐད་བཅར་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་ང་ཚོས་ཚོགས་པ་གསར་བཙུགས་བྱུང་ཐུབ་ཙམ་རེད། ཕྱི་ཟླ་༩པའི་ཚེས་༧ཉིན་ཚོགས་པའི་ཚོགས་འདུ་ཐོག་མ་དེ་འཚོགས་རྒྱུ་དང་། སྐབས་དེ་དུས་ང་ཚོའི་མ་འོངས་ལས་འཆར་སོགས་ཀྱི་ཐོག་གྲོས་བསྡུར་གནང་རྒྱུ་དང་། གལ་ཆེ་ཤོས་ང་ཚོས་ས་གནས་སུ་ཡོད་པའི་བོད་པའི་ཚོགས་པ་ཁག་དང་ལྷན་དུ་མཉམ་རུབ་ཐོག་ནས་ལས་འགུལ་སྤེལ་རྒྱུ་མ་ཟད། ས་གནས་ཡུལ་མིའི་ཁྲོད་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བོད་ཀྱི་གནད་དོན་སེལ་བ་ཡིན་ན་རྒྱ་གར་ལ་ཁེ་ཕན་ཡོད་པས་དེའི་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་དང་དེའི་ཆེད་དུ་ས་གནས་ཡུལ་མིའི་ཚོགས་པ་ཁག་དང་ནང་པའི་ཚོགས་པ་ཁག་ལྷན་དུ་གྲོས་བསྡུར་གནང་རྒྱུའི་འཆར་གཞི་ཡོད་པ་གསུངས་བྱུང་།
ཡང་རྡོ་རྗེ་གླིང་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་འགྱུར་མེད་བཙོན་འགྲུས་ལགས་ཀྱིས། རྡོ་རྗེ་གླིང་ས་གནས་དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་རྒྱ་གར་བར་གྱི་ཚོང་འབྲེལ་ས་གནས་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ས་ཁུལ་ཞིག་ཆགས་ཀྱི་ཡོད་དུས། ད་རེས་འདི་གར་ས་གནས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཡན་ལག་གསར་འཛུགས་གནང་ཐུབ་པ་དེ་གལ་ཆེན་པོ་ཞིག་དང་གནད་དགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གསུངས་བྱུང་།
དེ་བཞིན་ཚོགས་འདུའི་ཐོག་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས་ཀྱིས། རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་དགོས་དོན་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ནང་ཚོགས་པ་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་ཡོད་པ་མ་ཟད། ཁོང་གིས་རྡོ་རྗེ་གླིང་ཁུལ་དུ་གནས་སྡོད་བོད་རིགས་དང་བོད་པའི་གཞུང་འབྲེལ་མ་ཡིན་པས་ཚོགས་པ་ཁག་གིས་མ་འོངས་པར་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ལས་འགུལ་ལ་རྒྱབ་སྐྱོར་དང་མཉམ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག
ཚོགས་འདུའི་སྐབས་སྐུ་མགྲོན་གཙོ་བོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཟུང་སྦྲེལ་ཚོགས་གཙོ་(Surendra Kumar)་ལགས་ཀྱི་དབུས། དམིགས་བསལ་སྐུ་མགྲོན་རྒྱ་གར་བྱང་ཤར་མངའ་སྡེའི་ཁོར་ཡུག་སྲུང་སྐྱོབས་ལས་འགུལ་བ་དང་།་ཨ་སམ་བོད་རང་བཙན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Soumya Deep Dutta)་ལགས། ཧི་མ་ལ་ཡའི་བོད་དོན་ལས་འགུལ་ཁང་གི་དྲུང་ཆེ་བསོད་ནམས་ལྷུན་གྲུབ་བླ་མ་ལགས། གཞན་ཡང་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས་དང་བསྟན་འཛིན་འབྱོར་ལྡན་ལགས། དེ་བཞིན་རྡོ་རྗེ་གླིང་ས་གནས་འགོ་འཛིན་པདྨ་ཚེ་རིང་ལགས་དང་ས་གནས་ཡུལ་མིའི་སྲིད་དོན་པ་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་རེད་འདུག
སྤྱི་ལོ་༡༩༥༩སྤྱི་ཟླ་༥པའི་ནང་རྒྱ་གར་རང་བཙན་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་(Jai Prakash Narayan)་ལགས་ཀྱིས་སྣེ་ཁྲིད་འོག་རྒྱ་གར་(Kolkata)་གྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་པའི་རྗེས། སྤྱི་ལོ་༡༩༦༠ཙམ་ནས་སྐུ་ཞབས་(Jai Prakash Narayan)་ལགས་དང་། སྐུ་ཞབས་(Ram Manohar Lohia) དེ་བཞིན་སྐུ་ཞབས་(Acharya Kripalani)་ བཅས་གསུམ་གྱིས་གཙོ་བོ་ཐུགས་འགན་བཞེས་པའི་ཐོག་ནས་བོད་ཀྱི་འཐབ་རྩོད་རྒྱུན་གནས་ཡོང་ཐབས་སླད་ཧིན་བོད་མཛའ་འབྲེལ་ཚོགས་པ་(India- Tibet Friendship Society)་ཐོག་མར་གསར་འཛུགས་གནང་འདུག་ཅིང་། དེ་ནས་རིམ་བཞིན་ཚོགས་པ་དེ་རྒྱ་བསྐྱེད་དུ་སོང་སྟེ་ད་ལྟའི་ཆར་རྒྱ་གར་གྱི་མངའ་སྡེ་ཁག་༡༠ཡི་ནང་ཡན་ལག་ཚོགས་པ་༡༠༠ལྷག་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།