རྒྱ་ནག་གཞུང་གིས་ཉག་ཆུའི་ཨ་གསལ་རྫ་རི་སྔོག་ནས་ཁོར་ཡུག་གཏོར་སྐྱོན་ཐེབས་བཞིན་འདུག

2022.03.02
རྒྱ་ནག་གཞུང་གིས་ཉག་ཆུའི་ཨ་གསལ་རྫ་རི་སྔོག་ནས་ཁོར་ཡུག་གཏོར་སྐྱོན་ཐེབས་བཞིན་འདུག རྒྱ་ནག་གཞུང་གིས་ཉག་ཆུའི་ཨ་གསལ་རྫ་རི་སྔོག་བཞིན་པའི་ཡུལ་དངོས།
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་དེ་སྔ་ནས་གཞུང་ལམ་དང་མེ་འཁོར་ལྕགས་ལམ་སོགས་ཀྱི་ལམ་ཁ་བཟོ་བསྐྲུན་དང་འབྲེལ་ནས། བོད་ནང་གི་གནས་རི་དང་གཏེར་ཁ་སྔོག་འདོན་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་། སྟོད་གནས་སྡེ་བའི་ཉེ་འགྲམ་དུ་ཡོད་པའི་ཨ་གསལ་རྫ་རིར་མེ་འཁོར་ལྕགས་བཟོ་སྐྲུན་ཆེད་ཕུག་ལམ་དགོས་སྐོར་བརྗོད་ནས། དུས་ཡུན་ཟླ་ངོ་ཁ་ཤས་རིང་ནས་རི་དེ་སྔོག་ནས་རྩ་ཆེ་བའི་རྡོ་ཡི་གཏེར་ཁ་ཞིག་སྔོག་འདོན་དང་། ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་གཏོང་གི་ཡོད་པ་བོད་ཕྱི་ནང་གཉིས་སུ་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་ངོ་སྤྲོད་པས་གསུངས་ན། ད་ལྟའི་ཆར་ཉག་ཆུ་སྟོད་གནས་ཕྱོགས་ནས་ལྷ་སར་འཐེན་བཞིན་པའི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལམ་ཁར་འཁེལ་ཡོད་སྐོར་བརྗོད་ནས། ལམ་ཁ་དང་ས་ཆ་སོགས་ལ་ཚད་གཞི་མཇལ་བ་སོགས་ལས་གཞི་མང་པོ་ཞིག་འགྲོ་བཞིན་ཡོད་པ་དང་། དེ་དག་ལས་མེ་འཁོར་ལྕགས་ལམ་ཆེད་ཡིན་སྐོར་བརྗོད་ནས་ཨ་གསལ་རྫ་རི་སྔོག་བཞིན་ཡོད་ཀྱང་། ས་གནས་ཡུལ་མི་མང་པོས་གནད་དོན་དེ་རི་ལ་ཕུག་ལམ་རྟོལ་བཞིན་པ་ཙམ་མ་ཡིན་པར། ཞོར་ལ་རྡོ་གཏེར་རྩ་ཆེན་ཞིག་ལེན་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ན་ཡང་། གཏེར་ཁ་དེ་ག་རེ་ཡིན་གསལ་ཁ་མེད་པ་དང་། ས་གནས་ཡུལ་མི་ཚོ་རྫ་རི་སྔོག་བཞིན་པའི་ཉེ་སར་ཡོང་འཇུག་གི་མེད་པ་རེད་འདུག
ཕྱི་ལོ་༢༠༡༨་ལོ་གཅིག་པུར་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་ནས་ལྷ་ས་བར་ཁྲོན་བོད་ལྕགས་ལམ་ཟེར་བའི་ལས་གཞི་སྤེལ་བ་དང་འབྲེལ། ལྷ་སའི་སྣེའུ་གདོང་ཟམ་ཆེན་བཟོ་བསྐྲུན། དེ་བཞིན་རྒྱལ་མོ་རྔུལ་ཆུའི་ཁྲོན་བོད་ཟམ་ཆེན་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ཕུག་ལམ་སོགས་འཛུགས་སྐྲུན་དང་འབྲེལ་ནས། བོད་ཀྱི་གནས་རི་དང་རྫ་རི་མང་པོ་ཞིག་སྔོག་འདོན་བྱས་ཏེ་གཏེར་ཁ་བླངས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད་ལ། བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་དེས། ཨ་གསལ་རྫ་རི་ནི་ས་གནས་དེའི་གནས་རི་རྩ་ཆེན་ཞིག་ཡིན་པ་དང་། གནས་དེར་དེ་སྔ་ནས་རྡོ་གཏེར་རིགས་རྩ་ཆེན་ཞིག་ཡོད་སྐོར་བརྗོད་པའི་གནས་ཚུལ་ཡོད་ན་ཡང་། ད་ལྟའི་ཆར་དངོས་སུ་སྔོག་འདོན་བྱེད་བཞིན་པ་མ་ཟད། གཏེར་ཁ་དེ་སྔོག་འདོན་ཆེད་གནམ་གཤིས་གྲང་འཁྱག་ཡོང་ཐབས་ཀྱི་མེ་སྒྱོགས་ལྟ་བུ་ཞིག་ནམ་མཁར་འཕངས་ཏེ། ས་གནས་ཡུལ་མི་ཕྱུག་ཟོག་དང་བཅས་པར་གྲང་འཁྱག་དང་སེམས་ཅན་འཁྱག་ཤི་ཐེབས་པའི་གནས་ཚུལ་རིགས་བྱུང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༤་ལོ་ནས་བཟུང་ལོ་ལྔ་རེའི་འཛུགས་སྐྲུན་ལས་གཞི་༡༣་པའམ་ལྔ་ཚན་བཅུ་གསུམ་ཞེས་པ་འགོ་འཛུགས་ཀྱིས་ཕྱི་ལོ་༢༠༣༠་བར་བོད་ཁུལ་གྱི་ས་ཆ་གང་སར་གཞུང་ལམ་དང་མེ་འཁོར་ལམ། ཟམ་ཆེན་དང་ཕུག་ལམ་སོགས་ཀྱི་ལས་གཞི་འབོར་ཆེན་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་སྔ་ཕུག་ལམ་བཟོ་སྐྲུན་དང་འབྲེལ་ནས་གཏེར་ཁ་སྔོག་འདོན་བྱས་པ་དཔེར་ན། ཆབ་མདོ་གྲོང་ཁྱེར་གྱི་ཁ་རུབ་ས་ཁུལ་དང་རི་བོ་ཆེ་རྫོང་གཉིས་བར་གྱི་འབྲུག་མགོ་རི་བོར་ས་འོག་ཕུག་ལམ་བཟོ་སྐབས་ཡང་། སྣུམ་རླངས་དང་ལིས་གཏེར་སོགས་ཀྱི་གཏེར་ཁ་སྔོག་འདོན་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཀརྨ་རྒྱལ་མཚན་ལགས་གྱིས་བརྩམས་པའི་ཉག་རོང་གི་གནས་མཆོག་ལྕགས་མདུད་ཁ་བ་ལུང་རི་ཞེས་པའི་ནང་བཀོད་པ་ལྟར་ན།
ཨ་འཛི་ཞེས་པ་ནི། གནས་ཡིག་རྙིང་པ་ལས། བྱང་ཨ་རྟ་རོང་གི་ཉེ་ཆར། ཏྲེ་ཤོད་ཉག་རོང་། དང་པོ་སྦས་ཡུལ་དུ་གནས་ཤིང་། བརྡ་རྟགས་ཨཱཿཡིག་གིས་ཁུངས་སུ་འཛིན་པས། སྦས་ཡུལ་ཉག་ཤོད་ཨཿའཛིན་རོང་ཞེས་པ་དེ་ལས། སྦས་ཡུལ་སྒོ་ཕྱེས་ཏེ་ཨཱཿཡིག་དེ་ཕྱེད་ཕྱེད་སྒོ་ནས་གནས་སྒོ་ཕྱེས་པས། ཡུལ་དེ་ལ་དང་པོ་ཨ་གསལ་དང་། རྗེས་ཨ་བསད་ཅེས་གྲགས་པ། ད་ལྟ་སྐད་ཟུར་ཆགས་ནས། ཨ་བསེ་ཞེས་པ་གང་། ཨ་འཛི་ཞེས་པའི་ས་ཆ་འདི་ཡིན་ལ། ལུང་པའི་ཕར་ཚུར་དུ་ཨ་ཡིག་ཕྱེད་ཕྱེད་དུ་གནས་པས་སོ་ཞེས་གྲགས། དེ་ལྟར་དེང་ཉག་རོང་རྫོང་ཁོངས་ཀྱི་ས་ཆ་ཕལ་ཆེར་ཉག་ཨ་འཛི་སྟོད་སྨད་དུ་གྲགས་སོ། 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎