བོད་དེ་རྒྱ་ནག་གི་ཆ་ཤས་མིན་པའི་སྙན་ཐོ།

2016-12-15
གློག་འཕྲིན།
མཆན།
Share
པར་བཀོད།
བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་དང་དབུ་མའི་ལམ་ནི་མུ་མཐུད་དོན་དམ་གྱི་ཐབས་ལམ་ཡིན་ཞེས་པའི་དེབ།
བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་དང་དབུ་མའི་ལམ་ནི་མུ་མཐུད་དོན་དམ་གྱི་ཐབས་ལམ་ཡིན་ཞེས་པའི་དེབ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎ཕྱི་ཟླ ༡༢ ཚེས ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་༼བོད་རྒྱ་ནག་གི་ཆ་ཤས་མིན།  འོན་ཀྱང་བོད་ཀྱི་གནད་དོན་གསལ་ཐུབ་པའི་ཐབས་ལམ་ཉག་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན།༽ཞེས་འགོ་བརྗོད་དུ་འཁོད་པའི་རྒྱ་ནག་གི་དབང་སྒྱུར་འོག་བོད་ཀྱི་གནས་སྟངས་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་སྙན་ཐོ་ཞིག་རྒྱལ་ས་ལྡི་ལིའི་ནང་འགྲེམས་སྤེལ་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། སྙན་ཐོ་འདི་བཞིན་བོད་ཡིག་དང་དབྱིན་ཡིག་རྒྱ་ཡིག་བཅས་སྐད་ཡིག་གསུམ་དུ་པར་བསྐྲུན་བྱས་ཡོད་འདུག།
གནས་ཚུལ་ནང་མུ་མཐུད་གསལ་བར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ཚེས ༡༧ ཉིན།  བོད་ཀྱི་འདས་དང་ད་ལྟ་མ་འོངས་མདུན་སྐྱོད་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་ཞུགས་མོལ་ཚོགས་འདུ་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྩ་ཁྲིམས་ཚོགས་ཁང་དུ་བསྐོང་འཆར་ཡོད་པ་དང བཞུགས་མོལ་ཚོགས་འདུ་དེའི་སྟེང་གོང་ཞུས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན། འོན་ཀྱང་དབུ་མའི་ལམ་ནི་མུ་མཐུད་དོན་དམ་གྱི་ཐབས་ལམ་ཡིན་ཞེས་པའི་སྙན་ཐོག་དེ་འགྲེམས་སྤེལ་བྱ་རྒྱུ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྙན་ཐོ་དེ་པར་སྐྲུན་བྱེད་དོན་སྐོེར་གསུངས་སྐབས་རྒྱ་ནག་གཞུང་གིས་བཅིངས་འགྲོལ་ཞེས་པར་ཁ་གཡར་ནས་བོད་བཙན་བཟུང་བྱས་རྗེས་བོད་རྒྱ་ཆེའི་མི་དམངས་ཀྱིས་ཞི་བའི་ངོ་རྒོལ་ལས་འགུལ་སྣ་ཚོགས་ཤིག་སྤེལ་ནས་འགོག་ཐབས་བྱས་པའི་གནས་ལུགས་དང་། གཞན་ཡང་ དཔེར་ན་༸གོང་ས་མཆོག་གི་མ་འོངས་ཡང་སྲིད་དང་། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ།  དེ་བཞིན་བོད་ཀྱི་གྲོང་རྡལ་ཁག་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞི་སོགས་ཀྱིས་གོ་ལ་ཧྲིལ་བོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེར་བརྟེན་སྐད་ཡིག་གསུམ་གྱི་ལམ་ནས་སྙན་ཐོ་དེ་པར་སྐྲུན་དང་འགྲེམས་སྤེལ་བྱས་པ་བརྒྱུད་རྒྱ་ནག་གི་སྲིད་ལུགས་ལྟར་འོག་བོད་ཀྱི་ད་ལྟའི་གནས་སྟངས་སྐོར་དང་ཆབས་ཅིག་དབུ་མའི་ལམ་ནི་བོད་དོན་ཐག་གཅོད་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན་པ་སོགས་རྒྱལ་སྤྱིའི་སྟེང་གོ་རྟོགས་ཁྱབ་སྤེལ་ཆེད་ཡིན་པ་གསལ་འདོན་གནང་བཞག  ཡང་བོད་ཀྱི་འདས་དང་ད་ལྟ་མ་འོངས་མདུན་སྐྱོད་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་ཞུགས་མོལ་ཚོགས་འདུ་དེར་འཛམ་གླིང་གང་ས་ནས་ཆབ་སྲིད་མི་སྣ་དང་། མཁས་དབང་། ཤེས་ལྡན་མི་སྣ། རིགས་གཅིག་རྐང་འཛིན་ལ་སོགས་པའི་ཆེས་མཁས་པའི་ལྷན་འཛོམས་གནང་རྒྱུ་དང་།  ཕྱི་འབྲེལ་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་ཐེངས་འདིའི་ཞུགས་མོལ་ཚོགས་འདུ་འདིའི་ཐོག་བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས། དེ་བཞིན་མ་འོངས་པའི་ཁ་ཕྱོགས་བཅས་ཀྱི་སྐོར་གྲོས་བསྡུར་བགྲོ་གླེང་གཏིང་ཟབ་ཡོང་བའི་རེ་བ་བཞེས་ཀྱི་སྐོར་གསུངས་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།