རང་ལུས་མེར་བསྲེག་གཏོང་དགོས་དོན་བྱུང་རིམ་འགྲེལ་བརྗོད།
2012.06.22
༄༅༎སུད་སི་གྲོངཁྱེར་ཇི་ནི་ལྦ་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༢༠ པའི་ཐོག་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེ་ཡིས་བོད་མི་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུངས་ཏེ་རང་ལུས་མེ་བསྲེག་གཏོང་བའི་གནས་ཚུལ་བྱུང་རིམ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། ། ཕྱི་ཟླ་དྲུག་པའི་ཚེས་༢༡ རེས་གཟའ་ཕུར་བུའི་ཉིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་འདུ་འཛོམས་རང་དབང་ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་སུད་སི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཕྱག་ལས་གནང་མཁན་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་བོད་ནང་གི་འདུ་འཛོམས་རང་དབང་གི་གནས་སྟངས་སྐོར་སྙན་སྒྲོན་ཞུས་པའི་ནང་དོན་དུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་ནང་། འགྲོ་བ་མིར་སྐྱེས་པའི་ཉིན་མོ་དེ་ནས་བཟུང་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་མ་ཟད། སྨྲ་བརྗོད་རང་དབང་དང༌། འདུ་འཛོམས་ཀྱི་རང་དབང༌། ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་ཆོག་པའི་གཏན་འབེབས་གནང་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དུ་འདུ་འཛོམས་ཀྱི་རང་དབང་སོགས་ལ་རྡུང་རྡེག་གཏོང་བཞིན་ཡོད་པ་ནི། རྒྱ་ནག་གཞུང་གིས་ད་བར་དུ་བོད་མིའི་ཐོག་ལ་འཛིན་བཞིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེའི་ཐོག་ནས་༢༠༠༨ ནས་འགོ་ཚུགས་ཏེ་ད་བར་དུ་བོད་ནང་དུ་ངོ་རྒོལ་གྱི་འདུ་འཛོམས་དང་སྐད་འབོད་གནང་བའི་གནས་ཚུལ་རིམ་པ་བཞིན་བྱུང་ཡོད་ཀྱང༌། རྒྱ་ནག་གཞུང་གིས་བོད་མི་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་མཁན་ཁོངས་ནས་བོད་མི་ལྔ་བརྒྱ་བཞི་བཅུ་ལྷག་འཛིན་བཟུང་བྱས་པ་མ་ཟད། དེའི་ཁོངས་ནས་མི་གཉིས་དངོས་སུ་སྲོག་ཐོག་བཏང་བ་དང༌། ལྔ་ལ་ལོ་གཉིས་འཕར་འགྱངས་ཀྱིས་སྲོག་ཐོག་གི་ཉེས་ཆད་བཏང་བ། ད་དུང་མི་༡༢ ལ་ཚེ་བཙོན་གྱི་ཉེས་ཆད་བཏང་བ་དང༌། དེ་འཕྲོས་རྣམས་ལ་ཟླ་བ་དྲུག་སོགས་ཀྱི་དུས་ཚོད་འདྲ་མིན་གྱི་ཉེས་ཆད་བཏང་ཡོད་པ་རེད། བོད་མི་དེ་དག་ལ་ཉེས་ཆད་ལྗིད་པོ་དེ་འདྲ་གཏོང་དགོས་དོན་རྩ་བ་ནས་མེད་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལ་མུ་མཐུད་ནས་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་ནས། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་བསྲེག་བཏང་སྟེ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་ཞེས་སྐད་འབོད་གནང་མཁན་ཁྱོན་བཞི་བཅུ་ལྷག་བྱུང་ཡོད་པ་རེད། དེར་བརྟེན་ངས་དེ་རིང་གོ་སྐབས་དེ་བཟུང་སྟེ། བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་གནང་བར་རྒྱལ་སྤྱིའི་རང་དབང་ལྡན་པའི་སྐུ་ཚབ་ཅིག་ཆེད་གཏོང་ཡོང་བའི་རེ་འདུན་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད།