ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་གནད་ཡོད་མི་སྣ་ཁག་ཅིག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་འདུག

2023.09.08
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་གནད་ཡོད་མི་སྣ་ཁག་ཅིག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་འདུག ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་གནད་ཡོད་མི་སྣ་ཁག་ཅིག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་སྐབས། ༠༩།༠༦།༢༠༢༣
CTA

སྤྱི་ཟླ་༩་བའི་ཚེས་༦་ཉིན་ཐེ་ཝན་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་སྣེ་ཁྲིད་འོག ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ལས་བྱེད་འགན་འཛིན་གཙོས་པའི་མི་སྣ་ཁག་ཅིག ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཕེབས་ཏེ་སྐུ་ཚབ་དོན་གཅོད་གཙོས་པའི་ལས་བྱེད་རྣམས་དང་ལྷན་དུ་དུས་ཡུན་ཆུ་ཚོད་གཅིག་ལྷག་རིང་། བོད་དོན་སྐོར་རྒྱུས་ལོན་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་ཞུས་ཡོད་པ་དང་། ཨ་རིའི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་དེ་ཐེ་ཝན་ནང་ཆོས་ལུགས་རང་དབང་གི་ཚོགས་ཆེན་ཞིག་གི་ཐོག་ཕེབས་པ་དང་བསྟུན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གནས་སྟངས་དང་། ཐེ་ཝན་ནང་གི་བོད་མི་ཚོའི་གནས་སྟངས་སོགས་ཀྱི་ཐད་རྒྱུས་ལོན་ཡོང་ཆེད་དོན་ཁང་དུ་བཅར་ཡོད་པ་དང་། ཁོང་ཚོ་མ་གཞི་ནས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་སྡེ་ཚན་ནང་ཕྱག་ལས་གནང་མཁན་ཡིན་དུས་བོད་སྐོར་ལ་ཆ་རྒྱུས་ཆེན་པོ་འདུག་ཅེས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ད་རེས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་འཚམས་གཟིགས་ཕེབས་མཁན་གྲས་སུ། ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་མི་སྣ་གཉིས་དང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ལས་བྱེད་འགན་འཛིན་སྐུ་ཞབས་(Piero Tozzi)་ལགས་དང་། འགན་འཛིན་གཞོན་པ་སྐུ་ཞབས་(Matt Squerl)་ལགས། སྲིད་བྱུས་དང་གསར་འགོད་འབྲེལ་མཐུད་འགན་འཛིན་སྐུ་ཞབས་(Scotte Fliose)་ལགས། ཉམས་ཞིབས་པ་ལྕམ་(Anna Scott Bell)་ལགས་བཅས་ཡོད་འདུག

tibet taiwan2.JPG
སྐབས་དེར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དོན་གཅོད་ཁང་གི་ཕུགས་དམིགས་དང་ལས་དོན་འགན་འཁུར་ཇི་ཞུས་སྐོར་དང་། ཐེ་ཝན་ནང་གི་བོད་མི་དང་ཆོས་ཚོགས་སོགས་ཀྱི་གནས་སྟངས། ཐེ་ཝན་གཞུང་དང་མི་མང་གིས་བོད་དོན་ལ་ལྟ་སྟངས་དང་རྒྱབ་སྐྱོར་ཇི་ཡོད་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་བོད་སྐྱོང་སྲིད་བྱུས་ཞེས་པ་དོན་ཚན་ལྔ་རུ་ཕྱེས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས། སྐད་ཡིག་སོགས་རྩ་མེད་གཏོང་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་དཔེ་མཚོན་དང་བཅས་འགྲེལ་བརྗོད་གནང་རྗེས་བོད་དང་འབྲེལ་བའི་གནད་དོན་ཐད་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་ཞུས་ཡོད་པ་རེད་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་སྐུ་ཚབ་རྣམ་པས་རྒྱ་གཞུང་གིས་བོད་ཐོག་འཛིན་བཞིན་པའི་དྲག་རྩུབ་ཅན་ཀྱི་སྲིད་བྱུས་ལ་ཨ་རིའི་གཞུང་དང་མི་མང་གིས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད་པ་དང་། ཡང་སྒོས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་རླབས་ཆེན་གྱི་དགོངས་པ་ལ་རྩེ་གཅིག་ཏུ་གུས་བརྩི་ཞུས་པའི་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག


གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎