ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་གནང་སོང་།
དེ་ཡང་ཨ་མི་རི་ཀའི་ས་གནས་ཁག་གང་སའི་བོད་མི་༡༥༠ལྷག་ཨ་རིའི་རྒྱལ་སར་འཛོམས་ནས། འདི་ཚེས་༢༨བར་ཉིན་གྲངས་གཉིས་རིང་། ཨ་མི་རི་ཀའི་གྲོས་ཚོགས་ནང་དངོས་སུ་བཅར་ནས་བོད་དོན་ཞུ་གཏུག་གནང་བཞིན་པའི་སྐབས་འདིར། ཚེས་༢༨ཉིན། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་དང་བོད་ཀྱི་རིག་གཞུང་རྩ་མེད་གཏོང་ཐབས་བྱེད་བཞིན་པ་དང་། བོད་མི་རྒྱ་མི་རིགས་སུ་བསྒྱུར་ཐབས་བྱེད་བཞིན་པ་སོགས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཐད་ཉན་ཞིབ་ཚོགས་པ་དང་། དེ་བཞིན་ཉན་ཞིབ་རྗེས་ཨ་རིའི་གྲོས་ཚོགས་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་གྲོས་ཚོགས་ཀྱི་ཚོགས་ཁང་མདུན་བོད་དོན་རྒྱབ་སྐྱོར་གྱི་གསལ་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཚོགས་འདུ་དེར་ཨ་རིའི་གྲོས་ཚོགས་འོག་མིའི་མཐུས་མི་དང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཟུང་འབྲེལ་ཚོགས་གཙོ་(Chris Smith)་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་། གྲོས་ཚོགས་གོང་མའི་འཐུས་མི་(Jeff Merkley)་ལགས་སོགས་མཉམ་ཞུགས་ཀྱིས་གསུང་བཤད་དོགས་འདྲི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་བཅས་ཀྱིས་དྲ་ལམ་བརྒྱུད་མཉམ་ཞུགས་ཀྱིས་བོད་དོན་གསུང་བཤད་གནང་ཡོད་པ་རེད།
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་རིང་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Richard Gere)་ལགས་དང་། བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས། ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་བཅས་དངོས་སུ་མཉམ་ཞུགས་གནང་ནས། བོད་ཀྱི་གནས་སྟངས་བདེན་དཔང་ངོ་སྤྲོད་གནང་ཡོད་པ་རེད།
བོད་དོན་སྐོར་གྱི་ཉན་ཞིབ་དབུ་འཛུགས་སྐབས། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཟུང་འབྲེལ་ཚོགས་ཙོ་སྐུ་ཞབས་(Chris Smith)་ལགས་ནས། རྒྱ་ནག་གཞུང་གིས་བོད་ལ་འཛིན་བཞིན་པའི་སྲིད་ཇུས་གནས་བབས་དང་འབྲེལ་ཐེངས་འདིའི་བོད་དོན་སྐོར་ལ་ཉན་ཞིབ་གནང་དགོས་པའི་དམིགས་ཡུལ་སོགས་གསུང་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དྲ་ལམ་བརྒྱུད་རྒྱ་ནག་གི་སྟངས་འཛིན་འོག་གི་ད་ལྟའི་བོད་ཀྱི་གནས་སྟངས་སོགས་ངོ་སྤྲོད་གསུང་བཤད་སྐབས་སུ། རྒྱ་ནག་གཞུང་གིས་ཡུལ་གཅིག་དང་སྐད་གཅིག་གོམས་གཤིས་གཅིག་དད་མོས་གཅིག་གི་སྲིད་ཇུས་བཟུང་ནས་བོད་མི་རིགས་རྩ་བརླག་གཏོང་བ་དང་། བོད་མིའི་ཐོག་བཀག་སྡོམ་དྲག་གནོན་ཚབས་ཆེན་བྱེད་བཞིན་པ། དེ་བཞིན་མང་གཙོའི་ལམ་ལུགས་ལྡན་པའི་བོད་མིའི་སྒྲིག་འཛུགས་ཀྱིས་ཞི་བའི་ལམ་ནས་རྒྱ་ནག་དང་གྲོས་མོལ་གྱི་ཐབས་ལམ་བརྒྱུད་བཞིན་པ། བོད་ནང་བོད་མིའི་རང་ལུས་མེར་བསྲེག་ཐེ་བའི་ངོ་རྒོལ་དང་བོད་མི་ཤེས་ཡོན་ཅན་འཛིན་བཟུང་སོགས་ཀྱི་གནས་སྟངས་འགྲེལ་བརྗོད་གནང་སྟེ་ཨ་རིའི་གྲོས་ཚོགས་ལ་བོད་དང་བོད་མིར་མུ་མཐུད་དུ་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་སོང་།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Richard Gere)་ལགས་ཀྱིས་བདེན་དཔང་ར་སྤྲོད་གསུང་བཤད་གནང་བའི་ནང་། དེང་ཐོག་ཁོང་བོད་པའི་སྤྱི་ཚོགས་དང་འབྲེལ་བ་ཇི་ལྟར་བྱུང་ཚུལ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་བ་ནས་བཟུང་། ཁོང་གི་མི་ཚེར་འགྱུར་ལྡོག་ཆེན་པོ་ཐེབས་པ། ཁོང་གིས་འདས་པའི་ལོ་ངོ་༤༠ལྷག་གི་རིང་བོད་དོན་འཐབ་རྩོད་གནང་བ་དང་སོགས་གསུང་ནས། དེང་སྐབས་བོད་དང་ཞིན་ཅང་ནང་རྒྱ་ནག་གཞུང་གིས་དབང་བསྒྱུར་དྲག་གནོན་གྱི་གནས་སྟངས་ཉིན་རེ་ལས་ཉིན་རེར་ཚབས་ཆེན་ཡིན་པ་གསུང་ནས། བོད་ཀྱི་གཞོན་སྐྱེས་གཞས་བ་གྲགས་ཅན་ཚེ་དབང་ནོར་བུ་སོགས་བོད་མི་བརྒྱ་དང་ལྔ་བཅུ་ལྷག་གིས་རང་ལུས་མེར་བསྲེག་བཏང་བ། ཕྱི་ཕྱོགས་སུ་བརྙན་ལམ་བརྒྱུད་བོད་ཀྱི་གནས་སྟངས་འགྲེལ་བརྗོད་བྱས་པར་བརྟེན་ལོ་ལྔའི་བཙོན་འཇུག་བྱས་པའི་བླ་བྲང་འཇིགས་མེད་ལགས་བཙོན་གྲོལ་རྗེས་ནད་གཅུང་ཆགས་ནས་འདས་གྲོངས་ཕྱིན་པ་སོགས་བོད་ཀྱི་ཆབ་སྲིད་བཙོན་པའི་སྐོར་དང་། དེ་བཞིན་ཞི་ཅིན་ཕེན་གྱིས་བོད་མི་རྒྱ་བསྒྱུར་བྱེད་བཞིན་པའི་ཉེན་ཚབས། བོད་ཀྱི་རིག་གཞུང་བཅས་རྩ་བརླག་འགྲོ་བཞིན་པ། བོད་ནང་བོད་ཕྲུག་ཚོ་ཆུང་ཆུང་ནས་ཕ་མ་དང་ཁ་བཀར་ནས་གཏན་འཇགས་སློབ་གྲྭར་བཅུག་པ། བོད་མཐོ་སྒང་གི་ཆུའི་འབྱུང་ཁུངས་ནས་ཆུ་རག་བཟོ་བསྐྲུན་དང་གཏེར་ཁ་སྔོག་འདོན་སོགས་ཁོར་ཡུག་ལ་གནོད་སྐྱོན་སོགས་བོད་ཀྱི་གནས་སྟངས་སྤྱི་ཁོག་ངོ་སྤྲོད་དང་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ལོ་རྒྱུས་དང་འབྲེལ་ནས་བོད་དོན་ཁྲིམས་འཆར་གསར་བ་མྱུར་དུ་འཇོག་དགོས་པའི་འབོད་སྐུལ་གནང་སོང་།
དེ་བཞིན་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ནས་གཙོ་བོ་བོད་ནང་བོད་ཕྲུག་ལོ་ན་ཆུང་ཆུང་ནས་གཏན་འཇགས་སློབ་གྲུ་གཏོང་བའི་གནས་སྟངས་ངོ་སྤྲོད་གནང་སྐབས། དེང་སྐབས་བོད་ནང་བོད་མདོ་དབུས་ཁམས་གསུམ་ལ་མི་གྲངས་ས་ཡ་བདུན་ཡོད་པར་ཡིད་ཆེས་གནང་བཞིན་པ་དང་། དེའི་ཁྲོད་བོད་རང་སྐྱོང་ལྗོངས་ཟེར་བར་མཚོན་ན། བོད་ཕྲུག་བརྒྱ་ཆའི་བརྒྱད་ཅུ་ལོ་ན་ཆུང་དུས་ནས་ཕ་མ་དང་ཁ་བཀར་ནས་གཏན་འཇགས་སློབ་གྲྭར་བསྐྱར་ཏེ། རྒྱའི་སྐད་ཡིག་དང་གོམས་གཤིས་སོགས་སློབ་ཁྲིད་བྱས་ནས་བོད་མིའི་ངོ་བོ་བསྒྱུར་བཞིན་པ་མ་ཟད། གནས་སྟངས་དེ་ནི་མི་སེར་སྤེལ་ཡུལ་གྱི་ངོ་བོ་སྨོས་མེད་ཡིན་པ་སོགས་གསུང་སོང་།
གཞན་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། གཙོ་བོ་རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཡིན་པ་བོད་མི་ཚོར་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་བཞིན་པ་དང་། བོད་ནང་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་ཐེ་བའི་ཚན་རིག་ལག་རྩལ་བེད་སྤྱོད་ཀྱིས་འཇིགས་སྐུལ་བྱེད་བཞིན་པའི་གནས་སྟངས་བདེན་པ་ར་སྤྲོད་གནང་བ་དང་། རྒྱ་ནག་གཞུང་གིས་ཨ་རི་སོགས་ཕྱི་ན་ཡོད་པའི་བོད་མི་ཚོར་འཕྲུལ་རིག་ལག་རྩལ་སྤྱད་ནས་ལྟ་རྟོག་དང་སུན་གཙེར། གནོན་ཤུགས་སྤྲོད་བཞིན་པ་དང་། ཐ་ན་དངུལ་གྱིས་བསླུ་བྲིད་སོགས་ཀྱི་ཐབས་ཤེས་གཏོང་བ་སོགས་རྒྱ་ནག་དམར་ཕྱོགས་གཞུང་གིས་དྲག་གནོན་འཇིགས་སྐུལ་གྱི་བྱ་སྤྱོད་ཕྱིའི་ཡུལ་གྲུ་ཁག་ནང་དུའང་རྒྱ་བསྐྱེད་གཏོང་བཞིན་པ་སོགས་དཔེ་མཚོན་དྲངས་ནས་གསུང་སོང་།
དེ་བཞིན་བོད་དོན་ཉན་ཞིབ་དེའི་རྗེས་སུ་ཨ་རིའི་ནང་གི་བོད་མི་མང་པོ་ཨ་རིའི་གྲོས་ཚོགས་ནང་དངོས་སུ་བཅར་ནས་བོད་དོན་ཞུ་གཏུག་གནང་བཞིན་པ་དང་བསྟུན། ཚེས་༢༨ཉིན་ཨ་རིའི་གྲོས་ཚོགས་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Michael McCaul)་ཡིས་གྲོས་ཚོགས་ཀྱི་མདུན་དུ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་བསྐོངས་ཡོད་པ་རེད།
གོང་ཞུས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་ལ་སྲུང་སྐྱོབ་སྐོར་གྱི་ཉན་ཞིབ་ཚོགས་འདུ་དང་། དེའི་རྗེས་ཀྱི་གསར་འགོད་གསལ་བསྒྲགས་སྐབས་དེར། གོང་བརྗོད་གྲོས་ཚོགས་མི་འཐུས་མི་གསུང་བཤད་གནང་མཁན་དང་བདེན་དཔང་ངོ་སྤྲོད་མཁན་མི་སྣ་ལས་གཞན། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་ལགས། དེ་མིན་ཨ་རིའི་ས་གནས་འདྲ་མིན་ནས་ཕེབས་པའི་ཨ་རིའི་མི་སེར་ཡིན་པ་བོད་མི་བོད་དོན་ཞུ་གཏུག་པ་ཁག་ཅིག་བཅས་ཟུར་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།