ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ལ་བོད་དོན་ལས་སྡོམ་སྙན་ཐོ་འབུལ་འདུག

2022.06.16
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ལ་བོད་དོན་ལས་སྡོམ་སྙན་ཐོ་འབུལ་འདུག ཕོ་བྲང་དཀར་པོའི་མདུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་བོད་དོན་སྐད་འབོད་གནང་སྐབས།
Lhuboom/RFA

ཨ་རིའི་གཞུང་གི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་གཞིའི་འབྲུ་དོན་ལྟར། དུས་ནས་དུས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གྲོས་ཚོགས་ལ་བོད་དོན་སྤྱི་དང་། ལྷག་པར་དུ་བོད་རྒྱ་གྲོས་མོལ་གྱི་གནས་བབས་ཐད་ལས་དོན་སྙན་ཐོ་འབུལ་དགོས་བ་ལྟར། ཉིན་ཤས་སྔོན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོའི་ནང་། ཨ་རིའི་སྲིད་གཞུང་གི་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་བར་མི་མཐུན་གནད་དོན་ཁག་ཞི་འགྲིག་ཡོང་ཆེད། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་སླར་གསོ་འབྱུང་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པ་གསུངས་འདུག་ལ། དེ་བཞིན་སྙན་ཐོ་དེའི་ནང་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་མེད་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་དུ་རྡོག་རོལ་གཏོང་བཞིན་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བོད་མིའི་ཐོུང་མ་ཡིན་པའི་ཆོས་དང་སྐད་ཡིག རིག་གཞུང་ངོ་བོ་བཅས་རྩ་མེད་གཏོང་ཐབས་བྱེད་བཞིན་པར་ཐུགས་ཚབས་ཡོད་པ་གསུངས་འདུག
མངའ་ཁུལ་གྱི་ནང་བརྟན་ལྷིང་རྒྱུན་གནས་ཐུབ་རྒྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་གནད་དོན་འདི་དག་སེལ་ཐབས་བྱེད་དགོས་པར་ཨ་རིའི་གཞུང་གིས་ཡིད་ཆེས་གནང་གི་ཡོད་ཅེས་དང་། དཀའ་ངལ་འདི་དག་སེལ་ཐབས་དགོས་པ་ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་ཐད་ཀར་དང་། རྒྱལ་སྤྱིའི་རང་བཞིན་གྱི་གླེང་སྟེགས་སོགས་ཀྱི་ཐོག་སྐུལ་མ་བྱས་ཡོད་པ་བཀོད་འདུག
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོ་དེའི་ནང་། ཨ་རིའི་སྲིད་འཛིན་འཇོ་སྦཡེ་ཌན་མཆོག་དང་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་སྐབས་བོད་དོན་སྐོར་གླེང་སློང་གནང་པའི་སྐོར་གང་ཡང་བཀོད་མེད་པར་དོགས་འདྲི་གནང་འདུག
སྔ་ལོ་ཕྱི་ཟླ་༡༡ནང་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་དྲ་ཐོག་མཇལ་མོལ་རྗེས། ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྲིད་འཛིན་སྦཡེ་ཌན་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཤིན་ཅང་དང་བོད། ཧོང་ཀོང་བཅས་ཀྱི་གནད་དོན་ཐད་གླེང་སློང་གནང་ཡོད་པ་བཀོད་ཡོད་ལ། ཡང་དེའི་གོང་སྔ་ལོ་ཕྱི་ཟླ་༡༠ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཨི་ཊ་ལིའི་རྒྱལ་ས་རོམ་ནང་མཇལ་འཕྲད་སྐབས། བོད་དོན་སྐོར་གླེང་སློང་གནང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གྲོས་ཚོགས་སུ་ཕུལ་བའི་ལས་དོན་སྙན་ཐོ་དེའི་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་གནང་པ་དང་། དེ་རྗེས་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་དཔོིན་རིགས་ཁག་ནས་སྲིད་སྐྱོང་དང་མཇལ་འཕྲད་གནང་པ་སོགས་ཞིབ་ཕྲ་བཀོད་དེ། ཨ་རིའི་གཞུང་གིས་ངོས་ནས་བོད་དོན་རྒྱབ་སྐྱོར་མུ་མཐུད་དུ་ཡོད་པ་གསལ་སྟོན་ཆེད་བོད་ཀྱི་ཆོས་ཕྱོགས་དང་རིག་གཞུང་། ཆབ་སྲིད་བཅས་ཀྱི་དབུ་ཁྲིད་རྣམས་དང་འབྲེལ་བ་དམ་ཟབ་གནང་བཞིན་ཡོད་པ་བཀོད་འདུག
ད་དུང་སྙན་ཐོ་དེའི་ནང་། རྒྱ་ནག་གི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་ཕྱི་ལོ་༢༠༢༠ལོ་ནས་སྒོ་བརྒྱབ་པ་དེས། བོད་མི་གནས་ཡུལ་གྱི་ས་གནས་ཁག་ནང་རྟོགས་ཞིབ་བྱེད་རྒྱུར་འགོག་རྐྱེན་ཆེན་པོ་བཟོས་ཡོད་པ་ཐེར་འདོན་གནང་འདུག

གསར་འགོད་པ། བོད་རྒྱལ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎