ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་འདུག

འདི་ཚེས་༢༩ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་ཀྱི་ཐོག་ནས་རྒྱབ་སྐྱོར་བཀའ་འཁྲོལ་གནང་བར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉེ་ཆར་ཕྱི་ཟླ་བཅུ་པའི་ནང་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་གཞུང་དོན་འཚམས་གཟིགས་གནང་སྐབས་གྲོས་ཚོགས་གོང་འོག་གི་འཐུས་མི་མང་པོ་དང་མཇལ་འཕྲད་གནང་སྟེ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་འཚོལ་ཐབས་གནང་བ་མ་ཟད། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་གཏན་འབེབས་ཡོང་བའི་ཐུགས་རེ་ཆེན་པོ་ཡོད་པའི་སྐོར་གསུངས་ཡོད་པ་རེད།
ད་དུང་སྲིད་སྐྱོང་མཆོག་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་བཞིན་པ་དེ་ནི་ལོ་རྒྱུས་ཀྱི་བདེན་དཔང་རྫུན་བཟོ་བྱས་པ་ཞིག་ཡིན་ཞིང་། ང་ཚོ་བོད་མི་རྣམས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་དབང་འོག་ཏུ་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད། དེར་བརྟེན་ང་ཚོས་དུས་རྟག་ཏུ་འཚེ་བ་མེད་པ་དང་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་བར་མི་མཐུན་པའི་དཀའ་རྙོག་སེལ་ཐབས་འབད་བརྩོན་ཞུ་བཞིན་ཡོད་ཅེས་དང་། ད་རེས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་། བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བ་དེ་ཡིས། ཨ་མི་རི་ཀའི་ཕྱོགས་ནས་རྟག་ཏུ་བོད་རྒྱ་གྲོས་མོལ་ཡོང་ཐབས་ལ་སྐུལ་འདེད་ཤུགས་ཆེ་རུ་གཏོང་ཐུབ་རྒྱུ་ཙམ་མ་ཟད། བོད་ནང་གི་བོད་མི་ཚོའི་འབོད་སྒྲ་མཚོན་ཐུབ་རྒྱུ་ཡིན། ཁྲིམས་འཆར་དེ་ཡིས་བོད་མིའི་རྩ་དོན་ལ་ཕན་ཐོགས་ཡོང་རྒྱུ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་དམངས་གཙོ་དང་། གྲོས་མོལ། ཞི་བདེའི་དམིགས་ཡུལ་བཅས་ཀྱི་རྒྱལ་ཁ་ཞིག་ཆགས་ཀྱི་ཡོད། ང་ཚོའི་ངོས་ནས་ཁྲིམས་འཆར་དེ་གང་མགྱོགས་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ནས་རྒྱབ་སྐྱོར་གཏན་འབེབས་གནང་རྒྱུ་དང་། ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་ཡོང་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་འདུག
མཐར་ང་ཚོས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ (Michael McCaul)་ལགས་དང་། ཚོགས་མི་(Gregory Meeks) ལགས་བཅས་གཙོས་ཚོགས་མི་རྣམས་ཀྱིས་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་དང་ཆོག་མཆན་བཀའ་འཁྲོལ་གནང་བར་ཐུགས་རྗེ་ཆེ་ཞུ། འདི་ནི་ཨ་རིའི་གཞུང་གིས་རྟག་དུ་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་པ་ལྟར་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱི་རྒྱབ་སྐྱོར་འོག་བྱུང་བ་ཡིན་ཞེས་གསུངས་འདུག
ཚེས་༢༩ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཨང་(H. R. 533 Promoting a Resolution to the Tibet-China Conflict Act)་བསྐྱར་བཅོས་གནང་པ་ཁག་ངོ་སྤྲོད་གནང་པའི་སྐབས། ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར་གནང་བ་དང་ཆབས་ཅིག་རྒྱབ་གཉེར་གནང་ཡོད་ཅིང་། ཁྲིམས་འཆར་དེའི་ནང་རྒྱ་ནག་གཞུང་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་བཞིན་པ་དེ་བདེན་པ་མིན་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོདམིའི་སྒྲིག་འཛུགས་ལ་ལོག་འགྲེལ་བྱེད་བཞིན་པར་ཨ་མི་རི་ཀའི་གཞུང་གིས་ཁ་གཏད་གདོང་ལེན་བྱེད་རྒྱུ་སོགས་འཁོད་ཡོད་པ་རེད་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།