བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་གནང་བ།
2015.09.01
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡར་ཐོན་ཚོང་ལས་གཉེར་བཞིན་པའི་ས་གནས་ཆེ་ཁག་ནས་ཚོང་པ་བརྒྱ་སྐོར་ཞིག་འདུ་འཛོམས་གནང་བ།
དེ་ཡང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པས་གོ་བསྒྲིགས་འོག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡར་ཐོན་ཚོང་ལས་གཉེར་བཞིན་པའི་ས་གནས་ཆེ་ཁག་ནས་ཚོང་པ་བརྒྱ་སྐོར་ཞུགས་པའི་ཚོགས་ཆེན་ཞིག་ཟླ་འདིའི་ཚེས་༣༡ ནས་ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་བསྐོངས་འཚོགས་གནང་བཞིན་ཡོད་པ་རེད།
ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བཀའ་བློན་རྣམ་པ་ཕེབས་ཡོད་པ་རེད། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ཚོགས་འདུའི་ངོ་སྤྲོད་དང་ཚོང་ལས་ཡར་རྒྱས་དགོས་སྐོར་གསུང་བའི་ནང་། རྒྱལ་ཁབ་གང་ཞིག་ཡིན་རུང་རྒྱལ་ཁབ་དེ་དང་དེའི་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་དང་། ཡར་རྒྱས་གོང་འཕེལ་ཡོང་ཐུབ་ཐབས་བྱེད་རྒྱུ་ནི་ལས་དོན་གལ་ཆེ་ཤོས་ཤིག་ལ་བརྩི་གིན་ཡོད། ང་རང་ཚོས་འདས་པའིི་ལོ་རབས་བཅུ་དགུ་དང་ཉི་ཤུའི་གནས་སྟངས་ལ་གཟིགས་ན་ཨེ་ཤི་ཡའི་གླིང་ཕྲན་ཁག་གི་ནང་རྒྱལ་ཁབ་མང་པོའི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཕྱིན་པའི་གནས་ཚུལ་དེ་འདྲ་བྱུང་ཡོད། དཔལ་འབྱོར་གྱི་གནས་བབས་དེ་ཡང་ཡར་ཐོན་རིག་གསར་ཅན་གྱི་ཚོང་ལས་པ་མང་པོ་ཐོན་ཐུབ་པ་བྱུང་ཞིང་། དེ་བཞིན་བཟོ་སྐྲུན་པ་དང་། མང་ཚོགས་ཀྱི་འཚོ་བའི་གནས་སྟངས་དང་འབྲེལ་བ་ཆགས་པའི་ཐོན་སྐྱེད་བཟོ་བསྐྲུན་པ་བཅས་སྐྱེད་བསྲིངས་མང་པོ་ཐུབ་པ་བྱུང་ཡོད་ཅེས་དང་།
ཡང་དཔལ་འབྱོར་བཀའ་བློན་མཆོག་གིས་ཚོང་ལས་ཀྱིས་བོད་པའི་འཐབ་རྩོད་ལ་ཕན་ཐོགས་ཡོད་སྐོར་གསུངས་བའི་ནང་། ང་ཚོ་བོད་པའི་གནས་བབ་ཡིན་ནའང་༡༩༥༩ལོར་རྒྱ་གར་དུ་འབྱོར་བ་ནས་བཟུང་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཡོང་ཆེད་ས་ཞིང་འདེབས་ལས་ཀྱི་ལས་དོན་འགོ་འཛུགས་གནང་བ་དང་། མཐུན་རྐྱེན་འཛུགས་བསྐྲུན་གྱི་ཆེད་དུ་བཟོ་གྲྭ་ཁག་མང་པོ་ཞིག་སྒོ་ཕྱེས་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལམ་སྟོན་འོག་མཉམ་འབྲེལ་གྱི་ལས་དོན་ཐོག་ནས་མང་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་ཆེད་ལས་དོན་མང་པོ་ཞིག་སྤེལ་ཡོད། ལས་དོན་དེ་དག་སྤེལ་ཐོག་ད་ལྟའི་ཆར་མང་ཚོགས་ཀྱི་དཔལ་འབྱོར་མི་དམན་ཙམ་ཡོད། ཡིན་ནའང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ད་ལྟའི་ཆར་ཡར་ཐོན་ཚོང་པ་ཐོན་པ་དམིགས་བསལ་བྱུང་མེད་པ་རེད། དེར་བརྟེན་དེ་འདྲའི་ཐོག་ནས་ད་ལྟ་ཡིན་ནའང་ང་ཚོ་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་ཐུབ་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་དཔལ་འབྱོར་བཀའ་བློན་མཆོག་གིས་ལྷན་ཚོགས་དེའི་ཐོག་གསུངས་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།
ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས།