དགའ་ལྡན་བྱང་རྩེ་རྡོ་ར་མཁན་ཟུར་རྗེ་བཙུན་བློ་བཟང་ཚེ་འཕེལ་མཆོག་ལ་ཁེ་ཎ་ཌའི་མངའ་སྡེ་ཞིག་གི་ཆེ་བསྟོད་ཕྱག་འཁྱེར་གནང་འདུག

དགའ་ལྡན་བྱང་རྩེ་རྡོ་ར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་འཕེལ་མཆོག་དང་། ཆོས་ཚོགས་ཀྱི་དགེ་བཤེས་པདྨ་ཚེ་རིང་ལགས་གཉིས་ལ་འཛམ་གླིང་གི་རྒྱལ་ཁབ་སྤྱི་དང་། ལྷག་པར་དུ་མངའ་སྡེ་དེའི་མི་དམངས་མང་པོའི་ལུས་སེམས་གཉིས་ལ་ཞི་བདེ་བསྐྲུན་པའི་ལས་དོན་བསྒྲུབས་པར་ངོས་འཛིན་ཞུས་ཏེ། ཕྱི་ལོ་༢༠༢༤་ཕྱི་ཟླ་༧ཚེས་༢༧ཉིན་ཁེ་ཎ་ཌའི་ཨལ་བྷར་ཊ་(Canada Alberta)་མངའ་སྡེའི་གྲོས་ཚོགས་ནས་ཆེ་བསྟོད་ཕྱག་འཁྱེར་ཞིག་ཕུལ་འདུག་ལ། དེ་ནི་ནང་པའི་དགེ་འདུན་པ་ཞིག་ལ་ཁེ་ཎ་ཌའི་(Alberta)་མངའ་སྡེའི་གྲོས་ཚོགས་ནས་དེ་ལྟར་ངོས་འཛིན་གནང་བ་ཐོག་མའི་གྲས་ཆགས་ཀྱི་ཡོད་པ་རེད།
དེའི་ཐད་དགའ་ལྡན་བྱང་རྩེ་རྡོ་ར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་འཕེལ་མཆོག་གིས། ཁེ་ཎ་ཌའི་(Alberta)་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་ཕེབས་ནས། ངས་ས་གནས་སུ་ཆོས་ཚོགས་བཙུགས་པར་བསྔགས་བརྗོད་དང་མཉམ་མི་མང་པོར་ཕན་ཐོགས་བྱུང་ཡོད་པར་ངོས་འཛིན་གྱིས་ཆེ་བསྟོད་ཕྱག་འཁྱེར་གནང་བྱུང་བས་དགའ་བོ་བྱུང་ལ། མ་འོངས་བར་མུ་མཐུད་དུ་འབད་བརྩོན་ཞུ་རྒྱུ་ཡིན་པ་གསུངས་བྱུང་།
དགའ་ལྡན་བྱང་རྩེ་རྡོ་ར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་འཕེལ་མཆོག་ནི་དགའ་ལྡན་བྱང་རྩེའི་མཁན་ཟུར་ཡིན་པ་དང་། ཁོང་ཕྱི་ལོ་༡༩༣༡ལོར་ཁམས་ལི་ཐང་དུ་སྐུ་འཁྲུངས་ཤིང་། དགུང་ལོ་ལྔ་ལ་རབ་ཏུ་བྱུང་ཞིང་། དགུང་ལོ་དགུའི་ཐོག་ལི་ཐང་དགོན་པའི་ཆོས་སྒོར་ཞུགས། དེ་ནས་རིམ་པས་དགའ་ལྡན་བྱང་རྩེར་ཕེབས་ནས་ལོ་༢༠རིང་བསླབ་པ་སློབ་གཉེར་གནང་། ཕྱི་ལོ་༡༩༧༦ལོར་དགེ་བཤེས་ལྷ་རམས་པ་ཐོན་པ་དང་། ཕྱི་ལོ་༡༩༩༢ལོར་དགེ་བཤེས་སྔགས་རམས་ཐོན། དེ་ནས་རྣམ་རྒྱལ་གྲྭ་ཚང་དང་གནས་ཆུང་། བོད་ཀྱི་དཔེ་མཛོད་ཁང་སོགས་སུ་ཕྱག་ལས་གནང་ཞིང་། ཕྱི་ལོ་༢༠༠༡ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་བྱང་རྩེའི་མཁན་པོ་བསྐོ་བཞག་ཕྱག་རྟགས་གནང་སྟེ། ཕྱི་ལོ་༢༠༠༨ བར་དགའ་ལྡན་བྱང་རྩེའི་མཁན་པོའི་མཚན་གནས་འགན་འཁུར་བཞེས་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།