ལོ་གསར་སྤྲོ་ཚོགས་སྐབས་ནང་པའི་ཆོས་དར་བཙུགས་པ་སོགས་ཀྱི་རྐྱེན་གྱིས་དགེ་དཔལ་ལགས་འཛིན་བཟུང་གིས་ཉེས་ཆད་བཅད་འདུག

རྒྱ་ནག་གཞུང་གིས་ད་ལྟའི་ཆར་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་པ་ཁུལ་ཟུང་ཆུ་རྫོང་གི་དམུ་དགེ་ཡུལ་ཚོ་རུ། ཉེ་ལམ་བོད་ཀྱི་སོ་ནམ་ལོ་གསར་དང་བསྟུན་ནས་སྤྲོ་ཚོགས་ཤིག་བསྡུས་ཡོད་པའི་སྐབས་སུ། གར་སྟེགས་ཐོག་ནང་པའི་ཆོས་དར་བཙུགས་པ་དེ་བོད་ཀྱི་རྒྱལ་དར་ཡིན་ཚུལ་བརྗོད་ནས་ས་གནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་སྤྲོ་ཚོགས་དེ་གོ་སྒྲིག་བྱེད་མཁན་གཙོ་བོ་དམུ་དགེ་ཡུལ་མཚོ་ནས་ཡིན་པའི་སློབ་ཆེན་སློབ་མ་དགེ་དཔལ་ཞུ་བ་ཞིག་འཛིན་བཟུང་བཀག་ཉར་གྱིས་དངུལ་གྱི་ཉེས་ཆད་བཅད་ཡོད་པ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་། མདོ་སྨད་རྔ་བ་དམུ་དགེ་ཡུལ་ཚོ་ནས་ཡིན་པའི་སློབ་ཆེན་སློབ་མ་དགེ་དཔལ་ལགས་ཉེ་ཆར་སྤྱི་ཟླ་དང་པོའི་ཚེས་༢༤ཉིན་ས་གནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་གི་རང་ཁྱིམ་ནས་འཇུ་བཟུང་བྱས་ཏེ་ཉིན་གྲངས་ཁ་ཤས་རིང་བཀག་ཉར་བྱས་པའི་རྗེས། ཁོང་ལ་རྒྱ་སྒོར་ཁྲི་ལྔ་ཡི་དངུལ་གྱི་ཉེས་ཆད་བཅད་རྗེས་སྤྱི་ ༢ ཚེས་༢༦ཉིན་གྱི་ཉིན་རྒྱབ་གློད་བཀྲོལ་བཏང་ཡོད་འདུག འོན་ཀྱང་མུ་མཐུད་ནས་གཟའ་འཁོར་རྟག་པར་ཆབ་སྲིད་ཀྱི་སློབ་གསོ་ཟེར་བར་ཡོང་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད་འཁོད་འདུག
དེའི་ཐད་ལྟེ་གནས་ཁང་དེའི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། དེ་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལྟར་སོང་མེད་པར་བརྟེན་རྒྱ་ནག་གཞུང་གི་ཉེན་རྟོག་པས་དགེ་དཔལ་ལགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཇུ་བཟུང་བཀག་ཉར་བྱས་པ་དང་། དངུལ་གྱི་ཉེས་ཆད་བཅད་པར་ངོ་རྒོལ་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་རྒྱ་ནག་རང་གི་རྩ་ཁྲིམས་བཅས་ལ་རྒྱབ་འགལ་གྱིས་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་དང་། སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་དེ་དག་འཕྲལ་དུ་མཚམས་འཇོགས་བྱེད་དགོས་པའི་འབོད་སྐུལ་གནང་གི་འདུག
ལྟེ་གནས་ཁང་དེའི་གནས་ཚུལ་ལྟར་ན། བོད་མདོ་སྨད་རྔ་པ་ཁུལ་ཟུང་ཆུ་རྫོང་དམུ་དགེ་ཡུལ་ཚོ་ནས་ལོ་ལྟར་བོད་ཀྱི་སོ་ནམ་ལོ་གསར་ཚེས་གསུམ་ཉིན་ས་གནས་ཀྱི་སློབ་ཆེན་སློབ་མ་ཚོས་ལོ་གསར་སྤྲོ་ཚོགས་གོ་སྒྲིག་བྱེད་སྲོལ་ཡོད་པ་ལྟར། ད་ལོ་སྤྲོ་ཚོགས་ཐེངས་བདུན་པ་དེ་ཡིན་པ་དང་། ད་ལོའི་སྤྲོ་ཚོགས་ཀྱི་གར་སྟེགས་སྟེང་རྒྱ་ནག་གི་རྒྱལ་དར་མ་བཤམས་པ་དང་། ཁ་བྱང་རྣམས་བོད་ཡིག་རྐྱང་པ་ཡིན་པ། གླུ་གཞས་འཁྲབ་སྟོན་ཁྲོད་དུ་རྒྱ་ནག་དམར་ཤོག་ཚོགས་པར་བསྟོད་གླུ་མེད་པ་མ་ཟད། བོད་གཞས་རྐྱང་རྐྱང་ལས་རྒྱ་གཞས་གཅིག་ཀྱང་མེད་པ་སོགས་རྒྱུ་མཚན་དུ་བགྲངས་ནས་རྒྱ་ནག་གཞུང་གིས་ད་ལོའི་སྤྲོ་ཚོགས་དེ་གོ་སྒྲིག་བྱེད་མཁན་གཙོ་བོ་དགེ་དཔལ་ལགས་ནི་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཡིན་ལུགས་སོགས་ཀྱི་ཉེན་འཛུགས་བྱས་ཡོད་པ་བཀོད་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།