སྨར་ཁམས་ཕྱོགས་ཀྱི་ས་ཆའི་བདག་དབང་གི་རྩོད་རྙོག་གནས་ཚུལ་ཕྱིར་གྱར་བྱེད་མཁན་འཛིན་བཟུང་བྱེད་ཐབས་བྱེད་བཞིན་འདུག

2024.05.01
སྨར་ཁམས་ཕྱོགས་ཀྱི་ས་ཆའི་བདག་དབང་གི་རྩོད་རྙོག་གནས་ཚུལ་ཕྱིར་གྱར་བྱེད་མཁན་འཛིན་བཟུང་བྱེད་ཐབས་བྱེད་བཞིན་འདུག སྨར་ཁམས་རྫོང་ཁོངས་ཕུར་པ་རུ་བ་རྟག་ཚ་ཁུལ་དུ་ས་ཆའི་བདག་དབང་གི་རྩོད་རྙོག་དང་འབྲེལ་བོད་མི་ཚོས་ཞུ་འབོད་སྐབས། ༠༤།༡༠།༢༠༢༤
བོད་འབྱོར། མི་སེར་གསར་འགོད་པ།

རྒྱ་ནག་གཞུང་གིས་ཉེ་ལམ་སྨར་ཁམས་རྫོང་ཀླུ་ར་ཆུས་ས་གནས་སུ་ས་ཆའི་བདག་དབང་རྩོད་རྙོག་དང་འབྲེལ་བའི་གནས་ཚུལ་ཕྱིར་གྱར་བྱེད་མཁན་རྩིས་སྤྲོད་བྱས་ན་བྱ་དགའ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་པ་དང་། དེའི་ཆེད་བསམ་འཆར་འབུལ་ས་གྲོང་ཚོའི་ས་ཆ་གང་སར་བཙུགས་ནས་ངོ་བཅར་མི་དགོས་བར་གསང་བའི་ཐོག་ནས་མིང་ཐེར་འདོན་ཡོང་ཐབས་རྒྱ་ནག་གཞུང་གིས་ཐབས་ཤེས་བྱེད་མུས་ཡིན་པ་རེད་འདུག
རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཁོངས་སྨར་ཁམས་རྫོང་ཀླུ་ར་ཆུས་(洛尼乡)་ནོར་གནས་ཤང་ཕུར་པ་རུ་བ་རྟག་ཚ་ཁུལ་དུ། རྒྱ་ནག་གཞུང་གིས་ས་གནས་བོད་མིའི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། སྤྱི་ཟླ་༤ཚེས་༡༠ཉིན་ས་གནས་བོད་མི་ཚོས་ཞུ་འབོད་སྐབས་བོད་མི་༤རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རྣམས་ཕྱི་ཟླ་༤ཚེས་༡༦ཉིན་གློད་གྲོལ་བཏང་ཡོད་པ་དང་། ས་གནས་མི་མང་ལ་གྱོང་མ་རག་པར་ས་ཆའི་གུན་གསབ་སྤྲོད་རྒྱུ་ཡིན་པ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁས་ལེན་བྱས་རྗེས། ཁྱིམ་ཚང་རེ་ལ་གུན་གསབ་རྒྱ་སྒོར་༣༠༠༠་རེ་སྤྲོད་རྒྱུ་བྱས་འདུག འོན་ཀྱང་ས་གནས་མི་མང་གིས་གུན་གསབ་དེ་ཉུང་དྲགས་འདུག་ཅེས་འདོད་བློ་མ་ཁེངས་པར་ད་དུང་ཡང་ཁས་ལེན་བྱས་མེད་པ་རེད་ཅེས་བོད་ནས་འབྲེལ་ཡོད་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བྱུང་།
འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། གོང་ཞུས་གནས་ཚུལ་དེ་ལྷག་རྗེས་སྨར་ཁམས་རྫོང་ཀླུ་ར་ཆུས་དམར་ཤོག་ཚོགས་པས་གལ་ཆེན་དོན་ཆེན་གྱིས་ཟླ་༤ཚེས་༡༦་ཉིན་ནས་ཚེས་༢༠་བར་ཉིན་༤་རིང་བློ་ཉི་(ནོར་གནས)་གྲོང་སྡེའི་དམར་ཤོག་ཚོགས་པའི་ཚོགས་ཁང་དུ་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་སློབ་སྦྱོང་དང་ཆབ་སྲིད་སློབ་གསོ་དང་འབྲེལ་བའི་དམིགས་བསལ་གྱི་ཚོགས་འདུ་ཞིག་འཚོགས་ཡོད་འདུག སྐབས་དེར་གྲོང་སྡེ་སྲིད་གཞུང་གི་འགོ་ཁྲིད་གུག་ཇག་ཀྲུ་ཞེས་པ་དེས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། གྲོང་སྡེའི་དམར་ཤོག་ཚོགས་པའི་འབྲེལ་ཡོད་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་དང་། ཁྱིམ་སྡོད་ལས་བྱེད་པ། དགོན་པའི་དོ་དམ་ལྷན་ཁང་གི་གནད་ཡོད་མི་སྣ་དང་། ཉེན་རྟོག་ལས་ཁུངས་ཀྱི་གནད་ཡོད་དམར་ཤོག་ཚོགས་པའི་ཚོགས་མི། འཕྲོད་བསྟེན་ལས་ཁུངས་ཀྱི་གནད་ཡོད་དམར་ཤོག་ཚོགས་པའི་ཚོགས་མི། སློབ་གྲྭའི་དམར་ཤོག་ཚོགས་པའི་གནད་ཡོད་མི་སྣ་དང་འགན་འཁུར་བ། གྲོང་ཚོ་གཉིས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སོགས་གནད་ཡོད་མི་སྣ་༣༠་ལྷག་མཉམ་ཞུགས་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ཐོག་ནས་གནས་ཚུལ་དེ་ཐོན་ཡོད།
དེའི་རྗེས་རྒྱ་ནག་གི་ལས་དོན་རུ་ཁག་གི་མི་སྣ་བོད་པའི་ཁྱིམ་ཚང་རེ་རེའི་ནང་ཡོང་བ་དང་། རུ་ཁག་ཆ་བགོས་ཀྱིས་མི་གཅིག་ཀྱང་མ་ལུས་པར་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བཞིན་པའི་སྒང་རེད་འདུག རྒྱ་གཞུང་གི་མི་སྣས་མང་ཚོགས་ལ་སློབ་གསོ་རྒྱག་སྐབས། དཀའ་ངལ་གང་འཕྲད་པ་ཡིན་ན་རྒྱ་ནག་གཞུང་གིས་སེལ་རྒྱུ་རོགས་རམ་བྱས་པ་ལས་གནས་ཚུལ་གང་བྱུང་ཕྱིར་ལ་སྤེལ་ནས་ཆེན་པོ་བཟོས་པ་ཡིན་ན་དེ་རྒྱལ་ཁབ་ལ་དམའ་འབེབས་དང་། དམར་ཤོགས་ཚོགས་པར་མཚན་ཤས་འགྲོ་བའི་བྱ་སྤྱོད་ནག་ཉེས་ཚབས་ཆེན་ཞིག་ཡིན་པས་དེ་ལྟར་རྩ་བ་ནས་བྱེད་མི་ཉན་པ་ཁོང་ཁྲོ་དང་རྣམ་འགྱུར་རྩུབ་པོས་སློབ་སྟོན་བྱས་འདུག
གཞན་ཡང་གནས་ཚུལ་ཕྱིར་གྱར་མཁན་རྩིས་སྤྲོད་བྱས་ན་བྱ་དགའ་སྤྲོད་རྒྱུ་ཡིན་པ་བརྗོད་པ་དང་། དེའི་ཆེད་གྲོང་ཚོའི་ནང་བསམ་འཆར་འདོན་ས་གང་སར་བཙུགས་ནས་ངོ་བཅར་མི་དགོས་བར་གསང་བའི་ཐོག་ནས་མིང་ཐེར་འདོན་ཡོང་ཐབས་རྒྱ་ནག་གཞུང་གིས་ཐབས་ཤེས་བྱེད་མུས་ཡིན་འདུག
སྨར་ཁམས་རྫོང་ནང་དེ་སྔོན་གནས་ཚུལ་མང་པོ་བྱུང་མྱོང་ཡང་ད་ཐེངས་ནོར་གནས་ཤང་ནང་བྱུང་བ་བཞིན་འགོ་ཁྲིད་ལྷན་འཛོམས་ཀྱི་ཚོགས་འདུ་ཐེངས་མང་འཚོགས་པ་དང་། ས་གནས་སུ་དམ་དྲག་གིས་མི་མང་ལ་དཀའ་ངལ་ཆེན་པོ་འདི་ལྟར་དེ་སྔ་བཟོས་མྱོང་མེད་པ་དང་། དེ་བཞིན་ས་གནས་སུ་ཉེན་རྟོག་པ་དང་དམག་མིས་ད་དུང་ཡང་ཉིན་མཚན་མེད་པར་སྐོར་གཡེང་བྱས་ནས་བསྡད་ཡོད་པ་གནས་ཚུལ་ངོ་སྤྲོད་པས་བརྗོད་བྱུང་།
ཟླ་༤བའི་ཚེས་༡༦ཉིན་སྨར་ཁམས་རྫོང་གི་ཉེན་རྟོག་འགོ་ཁྲིད་ས་གནས་དེར་སླེབས་འདུག་ཅིང་། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་གདོང་ཐུག་གི་གནས་ཚུལ་བྱུང་པ་དེ་ཕྱི་ཕྱོགས་སུ་ཁྱབ་འདུག་པ་ནི་ནག་ཉེས་ཆེན་པོ་རེད་ཅེས་མང་ཚོགས་བསྡུ་བསྐོང་གིས་ཚོགས་འདུ་ཉིན་གསུམ་འཚོགས་ནས་སྡིག་ར་སྐུལ་ཡོད་པ་དང་། གུན་གསབ་དེ་གོང་རིམ་ནས་ཐག་གཅོད་བྱས་པ་ཞིག་ཡིན་སྟབས། གཞུང་གི་བཀོད་སྒྲིག་ལྟར་མ་སོང་བ་ཡིན་ན་བཙོན་འཇུག་དང་རྡུང་རྡེག་ཕོག་རྒྱུ་ཡིན་པ་སོགས་འཇིགས་སྐུལ་བྱས་ཡོད་འདུག
ཕྱི་ལོ་༢༠༢༤ཟླ་༤ཚེས་༡༠ཉིན་ས་གནས་མི་མང་གིས་ས་ཆ་བསྡུ་ལེན་བྱས་པར་གུན་གསབ་སྤྲོད་དགོས་པའི་ཞུ་འབོད་བྱེད་སྐབས། རྒྱ་ནག་གཞུང་གིས་ཉེན་རྟོག་པ་བཏང་ནས་གུན་གསབ་སྤྲོད་རྒྱུའི་ཚབ་ཏུ་འབོད་སྐུལ་ཞུ་མཁན་ཁྲོད་ནས་ཉུང་མཐར་བོད་མི་གཞོན་སྐྱེས་༤འཛིན་བཟུང་བྱས་བ་དང་ཉིན་ཤས་རྗེས་གློད་གྲོལ་བཏང་ཡོད་པ་འདི་གརཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་ཐུང་དང་བཅས་གནས་ཚུལ་འབྱོར་ཡོད།
གཞན་ཡང་ས་གནས་མི་མང་ལ་དཀའ་ངལ་དེ་ཡོང་རྐྱེན་གཙོ་བོ་གཞུང་གི་སྨར་ཁམས་རྫོང་གི་འགན་འཁུར་མི་སྣས་ཚོང་པ་དང་ལག་འབྲེལ་བྱས་ནས་ས་ཆ་ཕྱིར་འཚོང་བྱས་པ་དང་། འབྲེལ་ཡོད་དཔོན་རིགས་ཁོང་ལ་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དོགས་ཞིག་འོག་༢༠༢༣ལོའི་ལོ་འགོ་ནས་ཞིབ་འཇུག་བྱས་པ་དང་། ལོ་དེའི་སྤྱི་ཟླ་༩པའི་ནང་ཁོང་དངོས་སུ་འཇུ་བཟུང་བྱས་པ་བོད་ནས་གནས་ཚུལ་ཡོང་ཁུངས་བརྒྱུད་ཤེས་རྟོགས་བྱུང་ཡོད།


གསར་འགོད་པ། བློ་བཟང་ཆོས་འཕེལ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ལ་དམངས་གཙོའི་ཆེད་བསྟོད་གཟེངས་རྟགས་ཕུལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎