ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སར་བོད་ཀྱི་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུ་ཚོགས་བཞིན་འདུག

2022.09.20
Share on WhatsApp
Share on WhatsApp
ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སར་བོད་ཀྱི་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུ་ཚོགས་བཞིན་འདུག ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སར་བོད་ཀྱི་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུའི་ཚོགས་ཞུགས་པ་རྣམས། ༠༩།༢༠།༢༠༢༢
RFA / Dhasa

སོ་སོའི་ལག་ཤེས་ཀྱི་ཐོག་ནས་སྤྱི་པར་ཕན་པའི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་ཡིན་པ་སྲིད་སྐྱོང་མཆོག་གིས་བོད་ཀྱི་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུའི་སྟེང་གསུངས་ཡོད་པ་རེད།
འདི་ཚེས་༢༠ནས་༢༢བར་ཉིན་གསུམ་རིང་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་ཐབས་སུ་བོད་རིགས་གཞོན་སྐྱེས་ཚོའི་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་བོད་རིགས་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུ་ཞིག་ཚོགས་བཞིན་པ་དང་། ཚོགས་འདུའི་ཐོག་གཙོ་བོ་མཁས་པའི་གཏམ་བཤད་དང་ཚོགས་བཅར་བའི་ནང་ཁུལ་བགྲོ་གླེང་གནང་རྒྱུ་ཡིན་འདུག
ཚོགས་འདུ་དབུ་འབྱེད་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལྟའི་ཆར་ལག་ཤེས་སྦྱོང་མཁན་གྱི་ཁོངས་སུ་ཐང་བྲིས་ཀྱི་ལག་ཤེས་ལ་འཛུལ་བཞུགས་བྱེད་མཁན་གྱི་བོད་རིགས་གཞོན་སྐྱེས་རག་གི་མེད་པའི་དཀའ་ངལ་དང་། དེ་བཞིན་ཤིང་བཟོ་དང་སྐུ་བཞེངས་ཀྱི་ལག་ཤེས་ནང་དུ་ཡང་བོད་རིགས་གཞོན་སྐྱེས་ཉུང་དུ་འགྲོ་བཞིན་འདུག་པས། དེའི་ཐད་དོ་སྣང་དང་སོ་སོའི་ལག་ཤེས་ཀྱི་ཐོག་ནས་སྤྱི་པར་ཕན་པའི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཤིང་། སྲིད་སྐྱོང་མཆོག་གིས། བོད་ཕྲུག་རྣམས་ལ་ཆུང་དུས་ནས་བོད་ལ་སྒྱུ་རྩལ་ལག་ཤེས་འདྲ་མིན་ཡོད་པ་རྣམས་བདག་སྲུང་དང་དེའི་ཆེད་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་ཡོད་པ་རེད། ལྷག་པར་དུ་སྲིད་སྐྱོང་མཆོག་གིས། ད་ལྟ་བོད་ཀྱི་རིག་གཞུང་གསོན་པོར་གནས་ཡོད་པའི་རྒྱུ་མཚན་ནི། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲིན་དང་དེ་བཞིན་མི་རབས་རྒན་པ་རྣམས་ཀྱི་མཛད་རྗེས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དྲན་སྐུལ་གནང་ཡོད་པ་རེད།
ཡང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས། བོད་པའི་སྤྱི་ཚོགས་ཁྲོད་བོད་ཀྱི་སྲོལ་རྒྱུན་གྱི་ལག་ཤེས་ལ་དོ་སྣང་གནང་མཁན་དང་སྒྱུ་རྩལ་བ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་འདི་ནི་ཆོས་རིག་ལས་ཁུངས་ཙམ་མིན་པར་འབྲེལ་ཡོད་ཚང་མས་འགན་འཁུར་གྱི་ནུས་པ་སྤུངས་དགོས་རྒྱུ་གལ་ཆེ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། སྐབས་རེ་བོད་པའི་སྤྱི་ཚོགས་ནང་ཐང་བྲིས་གཙོས་སྒྱུ་རྩལ་ལས་རིགས་ནང་བཞུགས་མཁན་ཚོར་ཟུར་ཟ་འཕྱ་དམོད་བྱེད་སྲོལ་ཡོད་པ་དང་། དེ་བཞིན་ཐང་བྲིས་ལྟ་བུར་མཚོན་ན་དཔལ་འབྱོར་འཁོར་རྒྱུག་ཆེད་ཁྲོམས་རྭའི་འགྲན་བསྡུར་ནང་ཞུགས་མ་ཐུབ་ཚེ་རང་བཞིན་གྱིས་མ་འོངས་པར་སྒྱུར་རྩལ་བ་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཐང་བྲིས་སྒྱུ་རྩལ་བ་ཀརྨ་སྲིད་ཆོས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དགོངས་ཚུལ་འགྲེལ་བརྗོད་གནང་བྱུང་།
སམ་བྷོ་ཊ་མ་ན་ལི་སློབ་གྲྭའི་ཟློས་དགེ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། སློབ་གྲྭའི་ནང་སློབ་ཕྲུག་རྣམས་འཚར་ལོངས་བྱེད་བཞིན་པའི་སྐབས། སློབ་གྲྭའི་ཟློས་གར་དགེ་རྒན་ཚོས་ཨ་ཅེ་ལྷ་མོའི་རིག་གཞུང་གཙོས་པའི་བོད་ཀྱི་གཞས་དང་ཞབས་བྲོ་རིགས་ལ་དོ་དབྱིངས་ཀྱི་ཁོར་ཡུག་བསྐྲུན་ཚེ་སློབ་ཕྲུག་རྣམས་རང་བཞིན་གྱིས་སྒྱུ་སྩལ་ལ་དོ་སྣང་ཡོང་ངེས་ཡིན་ཞེས་གསུང་གི་འདུག
ཚོགས་འདུའི་ཐོག་མཁས་པའི་གཏམ་བཤད་གནང་མཁན་གྱི་ཁོངས་སུ། ༧སྐུའི་ན་བཟའ་ཆེན་མོ་བསྟན་འཛིན་ཆོས་དར་ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་ལགས། བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་ལགས། རྩོམ་པ་པོ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་སོགས་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དམིགས་ཡུལ་ངེས་ཅན་ཐོག་འདུ་བསྐོང་གནང་པའི་ཚོགས་འདུ་འདིའི་ཐོག་ཁྱོན་ཚོགས་བཅར་བ་༣༤མཉམ་ཞུགས་གནང་ཡོད་པའི་ཁོངས་སུ་སྒྲ་སྙན་བཟོ་སྐྲུན་གནང་མཁན་དང་། ཐང་བྲིས་བ། ཟློས་གར་དགེ་རྒན། དེ་བཞིན་གློག་བརྙན་བཟོ་སྐྲུན་པ་དང་ཉམས་ཞིབ་པ་བཅས་ཡོད་འདུག་ཅིང་། འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་འཆར་ཁག་དུས་ཀྱི་དགོས་མཁོ་དང་འཚམ་པ་ཞིག་ཡོང་ཐབས་སུ་བོད་ཀྱི་རིག་གཞུང་ཐོག་མ་འོངས་འཆར་གཞི་གོ་སྒྲིག་གི་ལས་གཞིའི་ཁོངས་སུ་ཚུད་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎