བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་ ༡༧ ཐོག་སློབ་གཉེར་བ་ ༨༠ ལྷག་མཉམ་ཞུགས་ཀྱིས་བོད་ཀྱི་རིག་གནས་དང་། སྤྱི་ཚོགས་ཀྱི་འགྱུར་འགྲོས་སྐོར་བགྲོ་གླེང་གནང་འདུག
བལ་ཡུལ་ནང་གི་བོད་མི་སློབ་མ་རྣམས་མཐོ་སློབ་འགྲིམ་རྒྱུར་དཔྱད་ཞིབ་དཀའ་སེལ་ཡོང་ཐབས་དང་། བོད་ཀྱི་མཐོ་རིམ་སློབ་མའི་གཏན་འཇགས་ཚོགས་ཆུང་འཛུགས་རྒྱུ་སོགས་གྲོས་ཆོད་དོན་ཚན་གསུམ་གཏན་འབེབས་དང་བཅས་སྐབས་བཅུ་བདུན་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་མཇུག་སྒྲིལ་འདུག
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༧ ནས་ ༣༡ བར་ཉིན་ལྔའི་རིང་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་༡༧ དེ་བཞིན་རྒྱ་གར་ཨུ་ཏར་པྲ་དེཤ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བསྐོང་ཚོགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་གར་ནང་གི་མཐོ་སློབ་ཁག་མི་འདྲ་བ་ཉི་ཤུ་ལྷག་ཞིག་ནས་ཚོགས་བཅར་བ་ ༨༠ ལྷག་མཉམ་ཞུགས་ཀྱིས་བོད་ཀྱི་རིག་པའི་གནས་སྤྱི་དང་། ཁྱད་པར་དུ་དེང་རབས་སྤྱི་ཚོགས་ཀྱི་འགྱུར་བ་སོགས་ཐོག་དཔྱད་རྩོམ་སྒྲོག་སྦྱངས་དང་། བགྲོ་གླེང་གནང་ཡོད་པ་མ་ཟད། ཚོགས་འདུའི་མཇུག་ཏུ་བལ་ཡུལ་ནང་གི་བོད་མིའི་སློབ་མ་རྣམས་མཐོ་སློབ་འགྲིམ་རྒྱུར་དཀའ་ངལ་འཕྲད་བཞིན་པར་དཔྱད་ཞིབ་དཀའ་སེལ་ཡོང་ཐབས་དང་། བོད་ཀྱི་མཐོ་རིམ་སློབ་མའི་གཏན་འཇགས་ཚོགས་ཆུང་འཛུགས་རྒྱུ། དེ་བཞིན་ཚོགས་ཆུང་གི་མིང་ཐོག་ནས་དཔལ་འབྱོར་བསྡུ་རུབ་བྱེད་སྐབས་ཚོགས་པའི་མཚོན་རྟགས་ (Logo) ངེས་པར་བེད་སྤྱོ་གཏང་རྒྱུ་བཅས་གྲོས་ཆོད་དོན་ཚན་གསུམ་གཏན་འབེབས་གནང་འདུག
འདི་ལོའི་ཚོགས་ཆེན་ཐོག་ཚོགས་ཞུགས་སློབ་མ་ ༨༠ ལྷག་ནས་བོད་ཀྱི་ལོ་རྒྱུས་དང་། བརྡ་སྤྲོད། ནང་ཆོས། ཁྲིམས་ལུགས། སློབ་གཉེར་བའི་འགན་ཁུར་སོགས་ཀྱི་བགྲོ་གླེང་སྦྱང་བཤད་ཡག་པོ་བྱུང་ཡོད་པ་དང་། འདི་ལོར་མཐོ་སློབ་ཁག་ཅིག་གི་ཡིག་རྒྱུགས་དུས་མཉམ་དུ་འཁེལ་བའི་རྐྱེན་གྱིས་སློབ་མ་འགའ་ཤས་མཉམ་ཞུགས་གནང་ཐུབ་མེད་སྐོར་སྐབས་ ༡༧ པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བསྟན་འཛིན་ལྷུན་གྲུབ་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༠༦ ལོར་དབུ་འཛུགས་གནང་ཞིང་། ཚོགས་ཆེན་དེ་ནི་སྐྱ་སེར་ཆོས་བརྒྱུད་དབྱེར་མེད་ཐོག་བོད་ཀྱི་སྲོལ་རྒྱུན་དང་། དེང་རབས་རིག་གནས་སོགས་ཀྱི་སྐོར་མཐོ་སློབ་ཀྱི་སློབ་མ་ཕན་ཚུན་བསམ་བློ་དང་ཤེས་ཡོན་བརྗེ་ལེན་བྱ་སའི་སྡིངས་ཆ་ཞིག་ཆགས་འདུག །
གསར་འགོད་པ། ལོ་ཡག་བཀྲིས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།