བསང་ཆུ་རྫོང་ཁྲིམས་ཁང་གི་ཐག་གཅོད་དྲང་པོ་མིན་པའི་སྐྱོན་བརྗོད་བྱས་འདུག


2020.10.02
བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་གཅོད་བཞིན་པ། ༢༠༢༠།༦།༢༩ བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་གཅོད་བཞིན་པ། ༢༠༢༠།༦།༢༩
པར་བཤུས།

ཨ་མི་རི་ཀའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་ལམ་བསང་ཆུ་རྫོང་ཁྲིམས་ཁང་གིས་བོད་མི་བཅུ་ལ་ཁྲིམས་ཐག་བཅད་པ་དྲང་པོ་མིན་པའི་སྐྱོན་བརྗོད་བྱས་འདུག
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་(Washington DC)་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་ཉེ་ལམ་ཟླ་ཤས་སྔོན་མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་གི་དགེ་འདུན་པ་གཉིས་གཙོས་བོད་མི་བཅུ་ལ་དངུལ་བཙན་འཕྲོག་དང་། བཙན་སྐུལ་སོགས་ཀྱི་ཉེས་མིང་བཙུགས་ནས་ཁྲིམས་ཐག་བཅད་པ་ལ་ཞིབ་ཏུ་དཔྱད་ན། ས་གནས་སུ་རང་གི་མང་ཚོགས་དང་སྤྱི་ཚོགས་ལ་འགན་འཁུར་མཁན་གྱི་བོད་རིགས་རྒན་པ་ཁག་ཅིག་ལ་ཆེད་དུ་ཉེས་ཆད་བརྒྱུད་རྡུང་རྡེག་བཏང་བ་ཞིག་ཡིན་པ་གསལ་བོ་ཡིན་པ་བརྗོད་ནས་སྐྱོན་བརྗོད་བྱས་འདུག
ཉེ་བའི་ཟླ་༦་པའི་ཚེས་༢༨་དང་༢༩་ཉིན་གཉིས་རིང་། མདོ་སྨད་མདོ་ལྷོ་བླ་བྲང་བསང་ཆུ་རྫོང་གི་རྒྱ་ནག་གི་མི་དམངས་ཁྲིམས་ཁང་དུ་ཁྲིམས་ར་ཚོགས་ནས་བཀྲ་ཤིས་རྒྱ་མཚོ་དང་། ཚེ་དབང་གཙོས་བོད་མི་བཅུ་ལ་རྒྱ་ནག་གི་རོགས་སྐྱོར་འཛུགས་བསྐྲུན་ལས་གཞི་འགོག་ཐབས་བྱས་བ་དང་། མི་དམངས་དཔུང་སྡེབ་ཀྱིས་ཟིང་ཆ་བསླངས་བ་སོགས་ཀྱི་ཉེས་མིང་འོག་མི་ལོ་༩་ནས་༡༤་བར་གྱི་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་ནས་དྲིལ་བསྒྲགས་དང་མཉམ་སྤྱི་ཚོགས་ནང་མི་ངན་གྱི་རུ་ཚོགས་མེད་པ་བཟོས་ཏེ་སྤྱི་ཚོགས་ཕན་བདེ་བསྒྲུབ་ཐུབ་ཡོད་པའི་རྣམ་པ་བསྟན་ཡོད་པ་རེད།
འོན་ཀྱང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་བསང་ཆུ་རྫོང་ཁྲིམས་ཁང་གིས་བོད་མི་དེ་བཅུ་ལ་ཁྲིམས་བཤེར་བྱས་བའི་བརྙན་འཕྲིན་ཆུ་ཚོད་མང་པོ་ཡོད་པ་ཞིག་ལག་སོན་བྱུང་བར་ཞིབ་ཏུ་རྟོགས་ཞིབ་ཀྱི་རྗེས་སུ། ཁྲིམས་བཅད་ཐག་གཅོད་དེ་གཏན་ནས་དྲང་པོ་བྱུང་མེད་པ་དང་། ཁྲིམས་ཆད་ཕོག་པའི་བོད་རིགས་བཅུ་པོ་ནི། དོན་དུ་ས་གནས་སུ་རྒྱ་མིས་སེམས་ཅན་གསོད་པའི་བཤས་ར་རྒྱབ་པར་ངོ་རྒོལ་དང་། ཡང་རྒྱ་ནག་གཞུང་གིས་གཞུང་ལམ་རྒྱག་རྒྱུའི་ཆེད་མང་ཚོགས་ཀྱི་ས་ཁང་བཙན་འཕྲོག་བྱས་པར་གུན་གསབ་ཚད་དང་ལྡན་པ་ཐོབ་ཐབས་ལ་
རྩོད་ལེན་བྱས་པ། རང་གི་ས་གནས་སུ་མཆོད་རྟེན་རྒྱག་རྒྱུར་དངུལ་གྱི་ཞལ་འདེབས་བསྡུས་པ་བཅས་ལ། དངུལ་བཙན་འཕྲོག་བྱས་པའི་ཁྲིམས་འགལ་ནག་ཅན་པའི་ནག་ཉེས་བཙུགས་ཏེ། ཁྲིམས་ཐག་བཅད་ཡོད་པས་གནད་དོན་དེ་དྲང་པོ་གཏན་ནས་མིན་པ་བཀོད་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་(Matteo Mecacci)་ལགས་ཀྱིས། རྒྱ་ནག་གཞུང་གིས་མི་ངན་གྱི་རུ་ཚོགས་མེད་པ་བཟོས་པའི་ཆབ་སྲིད་ལས་འགུལ་མིང་ཐོག ནང་དོན་བོད་ནང་གི་བོད་མིར་ཉེས་མེད་ཉེས་བཙུགས་ཀྱི་ཁྲིམས་ཆད་བཏང་སྟེ་རྡུང་རྡེག་བཏང་བ་ཡིན་པ་དང་། གནད་དོན་དེ་ལྟ་བུས་བོད་ནང་བོད་མིའི་ཁྲོད་རྒྱ་ནག་གཞུང་གི་ཐད་ལ་བློ་གཏད་ཡིད་ཆེས་འཕེར་བ་བཟོ་ཐུབ་རྒྱུའི་ཚབ་ཏུ་གནས་སྟངས་དེ་དེ་བས་སྡུག་ཏུ་གཏོང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎