དགེ་འདུན་པ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་བོད་ནས་ཕྱིར་ཕུད་བྱས་འདུག
2019.07.15
བོད་མི་དགེ་འདུན་པ་མཚན་ལ་བསོད་ནམས་ཚེ་རིང་དོན་གྲུབ་ཞུ་བ་ཞིག བལ་བོད་ས་མཚམས་བརྒྱུད་བོད་ནང་གཉེན་འཕྲད་དུ་བསྐྱོད་སྐབས། གཉའ་ལམ་རྫོང་གི་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས། དུས་ཡུན་གཟའ་འཁོར་གཅིག་ཙམ་དོ་དམ་བཀག་ཉར་དང་། འདྲི་རྩད་བྱས་རྗེས་བལ་ཡུལ་ལ་ཕྱིར་ཕུད་བྱས་འདུག
བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་(Huron)ཞེས་པ་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བོད་མི་ཁོང་ཟླ་༧་པའི་ཚེས་༣་ཉིན། བལ་ཡུལ་གྱི་མཐའ་མཚམས་(Kodhari)་ས་མཚམས་བརྒྱུད་བོད་ནང་བསྐྱོད་ཐབས་བྱས་སྐབས། གཉའ་ལམ་རྫོང་གི་ས་གནས་རྒྱ་ནག་གི་ཉེན་རྟོག་པས་ཕྱི་ཚེས་༥ཉིན། གཉའ་ལམ་ནས་འཛིན་བཟུང་བྱས་ཡོད་པ་དང་། བཀག་ཉར་གྱིས་རྡུང་རྡེག་དང་འདྲི་རྩད་སོགས་བྱས་པའི་རྗེས། ཕྱི་ཚེས་༡༡་ཉིན། བོད་ནས་ཕྱིར་ཕུད་ཀྱིས་བལ་ཡུལ་གཞུང་གི་ཕྱི་མི་ཞིབ་གཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་འདུག
ཁོང་བལ་ཡུལ་གྱི་རྒྱལ་སའི་ཕྱི་མི་ཞིབ་གཤེར་ལས་ཁུངས་ལ་འབྱོར་བ་དང་། གོང་ཞུས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་སྐད་བསྒྱུར་དང་། རོགས་རམ་བྱས་བ་བརྒྱུད་ཁོང་རྒྱ་གར་ནང་གནས་སྡོད་བྱེད་མཁན་ཡིན་པ་ར་སྤྲོད་བྱུང་བ་དང་། བལ་ཡུལ་གཞུང་གིས་བལ་སྒོར་ཁྲི་གཅིག་གི་ཉེས་ཆད་བཏང་ནས་འདི་ཚེས་༡༤་ཉིན་བལ་ཡུལ་གྱི་(Birgunj)་ས་མཚམས་ནས་རྒྱ་གར་ལ་བཏང་ཡོད་འདུག
གོང་གི་དགེ་འདུན་པ་ཁོང་ནི་ལི་ཐང་ནས་ཡིན་པ་དང་། ཁོང་གི་ཨ་མ་ལགས་ཉེ་ལམ་འདས་གྲོངས་སུ་ཕྱིན་པའི་རྗེས། བུ་སྤུན་ཆུང་བ་ཞིག་ཡོད་པ་ཁོང་ལ་ཡང་གྲིབ་སྐྱོན་གྱི་ན་ཚ་ཕོག་ནས་དཀའ་ངལ་གྱི་གནས་སུ་ཡོད་པར་བརྟེན་ཛ་དྲག་བྱས་ནས་བོད་ནང་ཕྱིར་ལོག་ཐབས་བྱས་བ་ཞིག་ཡིན་འདུག།