བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་རྒྱབ་སྐྱོར་གནང་རོགས།
2017.01.24
སྤྱི་འཐུས་ཚོཊ་གཙོ་མཆོག་གིས་ཨ་རིའི་སྲིད་འཛིན་གསར་བར་འཚམས་འཕྲིན་ཕུལ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་རྒྱབ་སྐྱོར་གནང་རོགས་ཞུས་འདུག
འདི་ཚེས་༢༠་ཉིན་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་གིས་ཨ་རིའི་སྲིད་འཛིན་ཞེ་ལྔ་བའི་ལས་ཁུར་དམ་འབུལ་ཞུས་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་ལ་འཚམས་འཕྲིན་ཕུལ་འདུག
དེ་ཡང་འཚམས་འཕྲིན་དེའི་ནང༌། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་། འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་བོད་མིའི་འཐབ་རྩོད་ལ་ཨ་རིའི་གཞུང་དམངས་གཉིས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་པ་མ་ཟད། བོད་མི་རྣམས་ཀྱིས་སོ་སོའི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་གནང་སླད། ཨ་རིའི་གྲོས་ཚོགས་ནས། ཕྱི་ལོ་༢༠༠༢་ལོའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་ཡིག་ཅེས་པ་གཏན་འབེབས་གནང་ཡོད་པ་མ་ཟད། ལྷག་པར་ཕྱི་ལོ་༢༠༠༧་ལོར་ཨ་རིའི་གྲོས་ཚོགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་རྟགས་མ་འབུལ་ལམ་ཞུས་ཡོད། དེ་ནི་གཙོ་བོ་༧གོང་ས་མཆོག་གིས་འཛམ་གླིང་ཁྱོན་ཡོངས་སུ་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཐུགས་ཁུར་ཧ་ཅང་ཆེན་པོ་མཛད་བཞིན་པ་དང་། དེ་བཞིན་རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་མཛད་བཞིན་པའི་མཛད་རྗེས་ལ་ངོས་འཛིན་ཞུས་པ་ཞིག་ཆགས་ཡོད། འདས་པའི་ལོ་ངོ་༦༦་རིང་ནས་རྒྱ་ནག་གཞུང་གིས་བོད་ནང་བཅིངས་གྲོལ་དང་འཛུགས་སྐྲུན་ཡར་རྒྱས་ཧ་ཅང་ཆེན་པོ་བཏང་ཡོད་སྐོར་ཤོད་ཀྱི་ཡོད་ཀྱང༌། དོན་དངོས་ཐོག་བོད་མིའི་ཆབ་སྲིད་ཀྱི་རང་དབང་ཐོག་དམ་བསྒྲགས་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་པར་བརྟེན། ཕྱི་ལོ་༢༠༠༩་ལོ་ནས་བཟུང་ད་བར་བོད་ནང་གི་བོད་མི་༡༤༥་ཡིས་རྒྱ་ནག་གཞུང་གི་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་དང་། བོད་ནང་རང་དབང་སླར་གསོ་དགོས་པ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་དགོས་འདུན་འདོན་བཞིན་དུ་རང་ལུས་མེར་སྲེག་བཏང་ཡོད།
ཨ་རིའི་སྲིད་འཛིན་རིམ་བྱོན་གྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་དེ་དག་སྐབས་ཨ་རི་གཞུང་གིས་རྒྱ་ནག་གཞུང་ལ་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་དགོས་འདུན་ཡང་བཏོན་ཡོད། དེར་བརྟེན་སྐུ་ཉིད་མཆོག་ནས་ཀྱང་སྲིད་འཛིན་གྱི་ལས་ཡུན་རིང་དེ་སྔའི་ལམ་སྲོལ་ལྟར་མུ་མཐུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་རྒྱབ་སྐྱོར་གནང་རོགས་ཞེས་འཁོད་ཡོད་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ།