ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་འབྲེལ་བའི་ཁྲིམས་འཆར་གྲོས་ཚོགས་སུ་ཚད་མཐོའི་མང་མོས་ཀྱི་ལམ་ནས་གཏན་འབེབས་གནང་ཡོད་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་མཐའ་མ་སྟེ། ༢༠༢༤ ཕྱི་ཟླ་ ༩ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༣༡ པའི་དོན་ཚན་རེ་གསུམ་པ་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ནང་གསེས་གཉིས་པ། ག “ཁྲིམས་ཁང་གང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན།
འོན་ཀྱང་། བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་བཞི་བཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་མི་དགོས་” ཞེས་བསྐྱར་བཅོས་གནང་ཡོད་པ་དེར། གྲོས་ཚོགས་སུ་སྤྱི་འཐུས་རྣམ་པས་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་གནང་ཐུབ་ཡོད་པར། རྩ་བའི་དགག་བྱ་གནང་མཁན་གང་ཙམ་བྱུང་ཡོད་པ་ལས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། བཅའ་ཁྲིམས་བསྐྱར་བཅོས་དོན་ཚན་རེ་གསུམ་པའི་ཁོངས་ཀྱི་ཡིག་ཆ་ཨང་ ༣༡ དང་ ༤༡ གཉིས་ཏེ་ཁྲིམས་ཞིབ་པའི་འོས་ཆོས་དང་ལས་ཡུན་གཉིས་ཀ་དང་འབྲེལ་བ་མཉམ་དུ་བཏང་ན་གཉིས་ཀར་དགག་བྱ་ཡོད་པ་གསུངས་ཡོད་པ་རེད།
ཡང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་དོན་ཚན་རེ་གསུམ་པའི་ཁོངས་ཀྱི་ཁྲིམས་འཆར་གནད་དོན་གཉིས་མཉམ་དུ་སྤྱི་མོས་ཀྱི་ཐོག་ནས་འགྲོ་ཐུབ་ན་ཞེས་ཕྱག་སྦྲེལ་སྤྱི་འཐུས་ཁག་ཅིག་གིས་གསུང་བ་བཞིན། དེར་ང་ཚོས་ཏན་ཏན་དགོངས་པ་ཆེ་བཞེས་ཀྱིས་ཐུགས་བསམ་བཞེས་དགོས་ཀྱི་འདུག་ཅེས་གསུངས་འདུག
གཞན་ཡང་དོན་ཚན་ ༦༣ ཁོངས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༤༡ པ་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ནང་གསེས་ ༤ པ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ལས་རྒྱུན་ལོ་ལྔའམ་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་བོ་ལོན་པ་གང་སྔའི་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ། འོན་ཀྱང་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་བརྒལ་བར་ཁྲིམས་ཞིབ་པ་ཆེ་བར་འོས་འདེམས་བྱུང་ན་དགག་བྱ་མེད་ཅེས། ཁྲིམས་འཆར་ཅིག་སྤྱི་འཐུས་ཨ་ཀྲུང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་བཏོན་ཏེ་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་གྱིས་རྒྱབ་སྐྱོར་གནང་བ་དེར་ཡང་གྲོས་ཚོགས་སུ་མང་མོས་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་ཐུབ་ཡོད་པ་རེད།
ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གནང་རོགས་ཞེས་རེ་འདུན་ཞུ་གཏུགས་ཆེད་ཨ་རི་དང་། ཡོ་རོབ། རྒྱ་བལ་བཅས་ས་གནས་ཁག་ནས་གཞི་རིམ་མི་མང་བརྒྱ་ཕྲག་མང་པོ་ཞིག་བཞུགས་སྒར་དུ་ཆེད་བཅར་གནང་ཡོད་པ་དང་། གཞི་རིམ་མི་མང་ལས་འགུལ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་གཡང་དཀར་ལགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་འདི་ཞུ་ཐུབ་པར་དགའ་ཚོར་ཧ་ཅང་ཆེན་པོ་ཡོད་པ་དང་། འདི་ནི་མི་མང་མང་པོ་ཞིག་གིས་སྐུ་ལས་སྐྱོན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དེ་གྲོས་ཚོགས་ཚོགས་དུས་སྔ་མ་ཁག་གི་ནང་བསྣམས་ཕེབས་ཏེ་གཏན་འབེབས་གནང་མ་ཐུབ་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་བསྐོ་མ་ཐུབ་པར་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེ་བྱུང་གི་ཡོད་པས། ད་རེས་གྲོས་ཚོགས་སུ་ཁྲིམས་འཆར་དེ་ཚད་མཐོའི་རྒྱབ་སྐྱོར་གྱི་ལམ་ནས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་པ་རེད།
གཞན་བཀའ་ཤག་གིས་ཆོས་ཚོགས་སྐབས་ ༡༢ ཀྱི་གྲོས་ཆོད་ནང་དོན་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་ནང་ཇོ་ནང་སྤྱི་འཐུས་ཁ་སྣོན་གྱི་ཁྲིམས་སྒྲིག་བསྐྱར་བཅོས་བཏོན་པའི་ཐད། སྤྱི་འཐུས་ནང་ཁུལ་བགྲོ་གླེང་རིམ་པར་བྱས་པའི་ཁྲོད། སྤྱི་འཐུས་ཁག་ཅིག་གིས་དེ་ནི་མང་ཚོགས་ཀྱི་མངོན་འདོད་ཡིན་པས་རྒྱབ་སྐྱོར་ཡོད་ཚུལ་དང་། ཁག་ཅིག་གིས་དེང་སྐབས་སྤྱི་ཚོགས་ཁྲོད་ཆོས་བརྒྱུད་སྤྱི་འཐུས་དགོས་མཁོ་མེད་པའི་དགོངས་ཚུལ་ཡོད་པའི་ཁྲོད་སྤྱི་འཐུས་ཁ་སྣོན་གནང་རྒྱུར་དགག་བྱ་ཡོད་ཚུལ་གླེང་མཐར་གསང་བའི་འོས་བསྡུ་གནང་པར། སྤྱི་འཐུས་ ༢༡ གིས་མ་གཏོགས་རྒྱབ་སྐྱོར་གནང་མཁན་མ་བྱུང་བར་བརྟེན་གཏན་འབེབས་བྱུང་མེད་པ་རེད།
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་མཇུག་སྡོམ་གཏམ་བཤད་ནང་། ༧རྒྱལ་བའི་མ་འོངས་བའི་ཡང་སྲིད་ཐད་རྒྱ་ནག་གཞུང་འབྲེལ་གྱིས་གྲ་སྒྲིག་བྱས་ཏེ་ཐ་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་འཚོ་ཞིང་མི་བཞེད་པའི་དུས་ཤིག་ཤར་པ་ཡིན་ན། ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་ཚུན་རྒྱ་ནག་ཏུ་སྲིད་ཇུས་ལག་བསྟར་དང་ཁྱབ་བསྒྲགས་བྱས་བསྡད་པ་བཅས། ཁོ་ཚོས་གནས་སྟངས་དེར་དོ་སྣང་ཆེན་པོ་བྱས་བསྡད་འདུག་པས། ང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བཀའ་མོལ་བྱུང་བ་དེ། གནད་འགག་ཆེན་པོ་ཞིག་ལ་རྩིས་དགོས་པ་ཞིག་རེད་ཅེས་གསུངས་སོང་ལ། ད་དུང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། ཐེངས་འདིའི་གྲོས་ཚོགས་སུ་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་བྱུང་བ་དེས་སྤྱི་ཚོགས་ནང་གི་དཀའ་ངལ་མང་དག་ཅིག་སེལ་ཐུབ་ཡོད་ཅིང་། དེའི་ཐོག་བཀའ་སྤྱི་གཉིས་ཀས་ཐུན་མོང་གིས་སྐུ་ལས་བསྐྱོན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་སོང་། གཞན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལ་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་གྲོས་ཚོགས་སུ་བདམས་ཐོན་བྱུང་ཡོད་པ་དང་། གཞུང་ཞབས་འདེམས་ལྷན་གྱི་ཚོགས་མིར་དྷ་སྟེང་བོད་ཁྱིམ་གྱི་སློབ་སྤྱི་ཚུལ་ཁྲིམས་རྡོ་རྗེ་ལགས་བདམས་ཐོན་བྱུང་ཡོད་པ་རེད།
གསར་འགོད་པ། བློ་བྷེ། བདེ་སྐྱིད་ཀུན་སྒྲོལ། ཀླུ་འབུམ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།