ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་དང་མཇལ་འཕྲད།

2014-08-29
གློག་འཕྲིན།
མཆན།
Share
པར་བཀོད།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཨོ་སི་ཊོ་ལི་ཡའི་ཕྱི་འབྲེལ་ལས་དོན་དང་བདེ་སྲུང་ཚོང་ལས་སོགས་ཀྱི་རྒྱུན་ལས་ལྷན་ཚོགས་ཐོག་གཏམ་བཤད་གནང་བཞིན་པ། ༢༠༡༤།༨
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཨོ་སི་ཊོ་ལི་ཡའི་ཕྱི་འབྲེལ་ལས་དོན་དང་བདེ་སྲུང་ཚོང་ལས་སོགས་ཀྱི་རྒྱུན་ལས་ལྷན་ཚོགས་ཐོག་གཏམ་བཤད་གནང་བཞིན་པ། ༢༠༡༤།༨
བོད་མིའི་སྒྲིག་འཛུགས

བོད་རྒྱ་ཕྱོགས་གཉིས་ཀའི་ངོ་སྤྲོད་གསན་ཞིབ་བྱུང་སྟེ་དངོས་ཡོད་གནས་ཚུལ་དབྱེ་འབྱེད་ཐུབ་རྒྱུར་ཕན་ཐོགས་བྱུང་བ་གསུངས་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་འོག་དེང་སྐབས་ཨོ་སི་ཊོ་ལི་ཡར་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་རྣམ་པས་ཚེས་༢༦ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Warren Entsch མཆོག་གི་དབུས་ཁུལ་དེའི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བརྒྱད་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཕྱི་འབྲེལ་ལས་དོན་ལྷན་ཚོགས་ཀྱིི་ཚོགས་མི་རྣམ་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་ངོ་སྤྲོད་སྙན་སེང་ཞུས་གནང་འདུག ཚེས་༢༧གྱི་ཕྱེད་ཡོལ་དུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཨོ་སི་ཊོ་ལི་ཡའི་ཕྱི་འབྲེལ་ལས་དོན་དང་བདེ་སྲུང་ཚོང་ལས་སོགས་ཀྱི་རྒྱུན་ལས་ལྷན་ཚོགས་ཐོག ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་ཚོགས་ཆུང་གི་གཙོ་འཛིན་ལྕམ་སྐུ་Teresa Gambaro མཆོག་གིས་ཉེ་ལམ་རྒྱུན་ལས་ལྷན་ཚོགས་ལ་རྒྱ་ནག་ནས་བོད་རིག་པའི་མཁས་དབང་ཡིན་ཚུལ་རྒྱ་རིགས་ཁག་གཅིག་གིས་བོད་ནང་གི་གནས་སྟངས་སྐོར་འགྲེལ་བཤད་བྱས་ཡོད་པ་དང་། ད་རེས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་དངོས་ཡོད་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་གསལ་བཤད་གནང་པ་དེས་ད་ཆ་རྒྱུན་ལས་ལྷན་ཚོགས་ནས་བོད་རྒྱ་གཉིས་ཕྱོགས་ཀྱི་གནད་དོན་གསན་ཞིབ་བྱུང་སྟེ་དངོས་ཡོད་གནས་ཚུལ་དབྱེ་འབྱེད་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་བྱུང་ཅེས་གསུངས་གནང་འདུག བོད་མི་མང་སྤྱི་འཐུས་སྐུ་ཚབ་རྣམ་པས་ད་རེས་ཀྱི་གཟིགས་སྐོར་འདིའི་སྐབས་ཚེས་༢༦ ཉིན་རྒྱལ་ས་Canberra འི་ནང་བོད་རིགས་མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་ཇུས་དང་། བོད་ནང་གི་ཛ་དྲག་གནས་སྟངས། དེ་བཞིན་དོལ་རྒྱལ་སྐོར་སོགས་ལ་ལམ་སྟོན་གསུང་བཤད་ཡང་གནང་ཡོད་པ་རེད། ཕྱི་ཚེས་༢༨ཉིན་སྤྱི་འཐུས་རྣམ་པ་Melbourne གྲོང་ཁྱེར་རུ་ཕེབས་འབྱོར་གྱིས་དེ་ཁུལ་ས་གནས་བོད་མི་རྣམས་ལ་གསུངས་བཤད་གནང་རྒྱུས་མཚོན་པའི་མང་གཙོའི་དུས་ཆེན་སྔ་སྣུར་ཐོག་ མཉམ་ཞུགས་གནང་རྒྱུ་དང་། ཕྱི་ཚེས་༣༡ཉིན་རྒྱ་གར་ལ་ཕྱིར་ལོག་ཕེབས་རྒྱུ་ཡིན་པ་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།