མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡག་པོ་མ་བྱས་ན་ཉམས་ཆག་འགྲོ་ཉེན་ཡོད་པའི་སྙན་ཐོ་བཏོན་འདུག
2020.11.06
མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་ཕྱིའི་མཁའ་རླུང་འབག་བཙོག་སོགས་ཀྱི་ཐད་སྲུང་སྐྱོབ་ཡག་པོ་མ་བྱུང་བ་ཡིན་ན་ཉམས་ཆགས་འགྲོ་ཉེན་ཡོད་པའི་སྙན་ཐོ་བཏོན་ཡོད་འདུག
དེ་ཡང་མཐོ་སྒང་བོད་དེ་བཞིན་ས་ཆའི་ཆགས་བབས་སོགས་ཀྱི་རྐྱེན་པས་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཀྱི་ཡོད་པ་དང་། ད་ལྟའི་ཆར་བོད་ཀྱི་ཁོར་ཡུག་སོགས་ལ་དེ་ཙམ་གྱི་དོ་ཕོག་ཆེན་པོ་མ་ཐེབས་པར་གནས་ཐུབ་ཡོད་ཀྱང་ཕྱི་ཕྱོགས་ཀྱི་མཁའ་རླུང་བཙོག་པ་དང་། དེ་བཞིན་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐོག་སྲུང་སྐྱོབ་དང་བདག་གཅེས་ཡག་པོ་ཞིག་བྱེད་མ་ཐུབ་པ་ཡིན་ན་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཡོད་ལུགས་ནོར་ཝེ་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་དང་། ལྷག་པར་དུ་མཐོ་སྒང་བོད་ཀྱི་ཁོར་ཡུག་དང་མཁའ་རླུང་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་(Fei Li)ཧྥེ་ལི་ཡིས་སྙན་ཐོ་བཏོན་ཡོད་འདུག
ཡང་གོང་ཞུས་སྙན་ཐོའི་ནང་ཉམས་ཞིབ་པ་ཁག་ཅིག་གིས་ལོ་འདིའི་ཕྱི་ཟླ་གཉིས་པ་དང་བཞི་པའི་ནང་ཞིབ་མཇུག་གནང་བའི་སྐབས། ཨེ་ཤེ་ཡའི་ཡུལ་གྲུའི་ནང་མེ་སྐྱོན་དང་མཁའ་རླུང་འབག་བཙོག་ཤོར་བའི་སྐབས་མཐོ་སྒང་བོད་ཀྱི་གནམ་གཤིས་དང་མཁའ་རླུང་ལའང་རང་བཞིན་གྱི་འགྱུར་བ་ཐེབས་ཀྱི་ཡོད་པ་དང་། དེས་མ་ཟད་(Arctic sea)འམ་འཛམ་གླིང་བྱང་སྣེའི་མཚོ་བརྒྱུད་ཀྱི་འཁྱགས་རོམ་བཞུར་བའི་སྐབས་སུའང་བོད་ཀྱི་མཁའ་རླུང་ཐོག་འགྱུར་བ་དང་དོ་ཕོག་ཐེབས་ཀྱི་ཡོད་པའི་ཚོར་སྣང་བྱུང་ཡོད་འདུག གང་ལྟར་ད་ལྟའི་བར་འཛམ་གླིང་ནང་ནས་མཐོ་སྒང་བོད་ཀྱི་ཁོར་ཡུག་དང་བར་སྣང་གི་མཁའ་རླུང་སོགས་ཧ་ཅང་གཙང་མར་ཉར་ཚགས་ཐུབ་ཡོད་ཀྱང་མ་འོངས་པར་ཕྱི་ནང་གི་འགལ་རྐྱེན་དང་དེ་དག་ལ་སྟངས་འཛིན་ཡག་པོ་ཞིག་མ་བྱས་པ་ཡིན་ན་ཁོར་ཡུག་ཐོག་ཕྱོགས་གང་ས་ནས་གནོད་ཚེ་ཕོག་རྒྱུའི་ཉེན་བརྡ་བཏང་ཡོད་འདུག
བོད་ནང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་པ། ལྷག་པར་འཛུགས་བསྐྲུན་ལས་གཞི་འདྲ་མིན་ཁྲོད་མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཕོག་བཞིན་པ་རེད།