རྔ་བ་ཀིརྟི་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་སྐུ་གཤེགས་ཡོད་འདུག

2023.12.21
རྔ་བ་ཀིརྟི་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་སྐུ་གཤེགས་ཡོད་འདུག དགེ་བའི་བཤེས་གཉེན་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་ལགས་ཀྱི་པར། ཟླ་ཚེས་མི་གསལ།
བོད་འབྱོར།

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༩ ཉིན། བོད་ནང་གི་རྔ་བ་ཀིརྟི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་དང་། ཡོངས་གྲགས་སུ་མདོ་སྔགས་རབ་འབྱམས་སྨྲ་བའི་དགེ་བཤེས་མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་མཆིན་པའི་ནད་གཞི་དང་གཅིན་སྙིའི་ནད་ཀྱི་སྙུན་གཞིའི་རྐྱེན་གྱིས། ཁྲིན་ཏུའུ་གྲོང་ཁྱེར་དུ་སྨན་པར་བསྟེན་གཏུག་བྱས་ཀྱང་ཕན་འབྲས་མ་བྱུང་བར། ཉིན་དེའི་བོད་ནང་གི་ཉིན་རྒྱབ། རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་རང་ཤག་ཏུ་དགུང་གྲངས་ ༥༧ སྟེང་སྐུ་གཤེགས་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་སྐུ་ཕུང་མཇལ་ཁ་སོགས་ལ་མི་མང་ཕོན་ཆེན་འདུ་འཛོམས་མི་ཆོག་སྐོར་བརྗོད་ནས་དགོན་གྲོང་གཉིས་སུ་ལྟ་རྟོགས་དོ་ནན་བྱེད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སྤྱིར་ན་དགེ་བཤེས་ལགས་སུ་དེ་སྔ་ནས་ནད་རྙིང་གཉིས་མཉམ་འབྲེལ་བྱས་ཏེ་སྨན་པར་བསྟེན་གཏུགས་དང་། བོད་སྨན་བཟས་ཏེ་དྲག་སྐྱེད་ཅུང་ཙམ་ཡོང་ཡོད་ན་ཡང་། དགེ་བཤེས་ལགས་ནས་དཔེ་ཀློག་སློབ་གཉེར་དང་དགོན་སྡེ་མང་པོར་དཔེ་ཁྲིད་གནང་སྟེ་སློབ་མ་མང་པོ་བསྐྱངས་གནང་བ་དང་། ཕྱག་དཔེ་མང་པོ་ལྗགས་རྩོམ་གནང་རྒྱུ་ཁོ་ནར་འབད་བརྩོན་གྱིས་ཁོང་རང་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་ཁོམ་མ་བྱུང་བས་རྐྱེན་རྩ་ཞིག་ཆགས་ཡོད་ན་ཡང་། ཉེ་སྔོན་གློ་བུར་སྙུན་གཞི་ཇེ་སྡུག་ཏུ་ཕྱིན་པ་དང་ཁྲིན་ཏུའི་ཧྥ་ཤིའི་སྨན་ཁང་དུ་སྨན་བཅོས་ཆེད་ཕེབས་ཡོད་ཀྱང་། སྨན་པ་ཚོས་རེ་འབྲས་མེད་སྐོར་བརྗོད་པ་བཞིན་ཕྱིར་དགོན་པའི་ནང་ཕེབས་རྗེས་སྐུ་གཤེགས་ཡོད་པ་བརྗོད་བྱུང་།

དགེ་བའི་བཤེས་གཉེས་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་ནི་ཕྱི་ལོ་ ༡༩༦༦ ལོ་སྐུ་འཁྲུངས་ཤིང་། དགུང་གྲངས་ ༡༥ ནས་བཟུང་ཀིརྟི་དགོན་དུ་རབ་ཏུ་བྱུང་སྟེ་སྐུ་ན་ཆུང་དུས་ནས་སློབ་གཉེར་ལ་འབད་བརྩོན་ཧུར་ཐག་གནང་མཁན་ཞིག་དང་། ཕྱི་ལོ་ ༢༠༡༠ ལོར་ཀིརྟི་དགོན་པའི་གྲྭ་ཚང་འདུས་ཚོགས་དབུས་སུ་ལྷ་རམས་དམ་བཅའ་ཆེན་མོ་བཞག་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་རྔ་བ་ཀིརྟིའི་དགོན་ནས་ཉིན་གསུམ་རིང་སྔགས་རིམ་དམ་བཅའ་ཆེན་མོ་བཞག་སྟེ་མདོ་སྔགས་རབ་འབྱམས་སྨྲ་བའི་མཚན་རྟགས་བཞེས་རྗེས། ཕྱི་ལོ་ ༢༠༡༢ ལོར་ཀིརྟིའི་དགོན་གྱི་འཆད་ཉན་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་དང། ཕྱི་ལོ་ ༢༠༡༣ ལོ་ནས་ཀིརྟིའི་དགོན་ཆེན་གྱི་ནང་བསྟན་ཤེས་ཡོན་འགན་འཛིན་གྱི་རྒྱུན་ལས་ཀྱི་ཁུར་བཞེས་གནང་ཡོད་པ་དང་། ཁོང་ཉིད་ནས་ཀིརྟི་དགོན་ཁག་གི་བླ་མ་དང་ཚོགས་ཆེན་དགེ་སྐོས། མཁན་པོ་དང་དགེ་རྒན་སོགས་ཀྱི་ཕྱག་ལས་གནང་ཞོར་མི་ཚེ་ཐོས་བསམ་དང་དཔེ་ཁྲིད། དད་ལྡན་མི་མང་ལ་བཀའ་ཆོས་དང་སྤྱི་ཚོགས་སློབ་གསོར་འབད་བརྩོན་གནང་མཐར། ཁོང་ལ་བོད་ཀྱི་ས་ཁུལ་གང་སར་སློབ་མ་མང་པོ་ཡོད་པ་མ་ཟད། རྗེས་འཇུག་དད་ལྡན་མི་མང་གིས་དགའ་དད་ཤུགས་ཆེར་གནང་ས་ཞིག་ཆགས་ཡོད་འདུག

མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་ནས་ད་བར་ལྗགས་རྩོམ་གནང་ཟིན་པའི་གསུང་འབུམ་ལ། ༡༽ བླ་མ་བསྟེན་ཚུལ་རྒྱས་པ་བྱང་ཆེན་ཁང་བཟང་བགྲོད་པའི་ལམ་ཡིག། ༢༽བླ་མ་བསྟེན་ཚུལ་མདོར་བསྡུས་ཐར་འདོད་འཇུག་ངོགས། ༣༽ བསྟན་པའི་གཞུང་ཤིང་གསེར་གྱི་ལྡེ་མིག ༤༽ཐེག་ཆེན་གཞུང་ཤིང་དཔག་བསམ་ལྡེ་མིག ༥༽བསྡུས་གྲྭའི་གཞུང་ཤིང་ཕ་ལམ་ལྡེ་མིག ༦༽ཕར་ཕྱིན་གཞུང་ཤིང་དངུལ་གྱི་ལྡེ་མིག ༧༽ གསང་ཆེན་གཞུང་ཤིང་འཕྲུལ་གྱི་ལྡེ་མིག ༨༽ སློབ་གསོའི་གཞུང་ཤིང་དབུས་ལམ་ལྡེ་མིག་སྟེ་ལྡེ་མིག་རྣམ་དྲུག་དང་། ༩༽དྲང་ངེས་ལེགས་བཤད་སྙིང་པོའི་དགོངས་འགྲེལ་འཇམ་དཔལ་བཞད་སྒྲ། ༡༠༽ལེགས་བཤད་གསེར་ཕྲེང་གི་མཆན་འགྲེལ་འཇམ་དབྱངས་བཞད་སྒྲ། ༡༡༽ དབུ་མའི་རྣམ་བཤད་ཀྱི་མཆན་འགྲེལ་འཇམ་མགོན་བཞད་སྒྲ། ༡༢༽ ཐར་ལམ་གསལ་བྱེད་ཀྱི་མཆན་འགྲེལ་རྒྱལ་ཚབ་བཞད་སྒྲ། ༡༣༽ མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ཀྱི་མཆན་འགྲེལ་རྒྱལ་དབང་བཞད་སྒྲ། ༡༤༽རྣམ་འགྲེལ་དགོངས་པ་རབ་གསལ་གྱི་མཆན་འགྲེལ་པཎ་ཆེན་བཞད་སྒྲ། ༡༥༽འདུལ་བ་ལུང་རིགས་ཉི་མའི་གསལ་བྱེད་ཁྲི་ཆེན་བཞད་སྒྲ་སྟེ་བཞད་སྒྲ་རྣམ་བདུན། ༡༦༽ལེགས་བཤད་གསེར་ཕྲེང་གི་བསྡུས་དོན་འཇམ་མགོན་བླ་མའི་དགོངས་རྒྱན། ༡༧༽དམིགས་བརྟག་དགོངས་འགྲེལ་ཕྱོགས་གླང་དགོངས་རྒྱན། ༡༨༽རྣམ་འགྲེལ་བསྡུས་དོན་ཆོས་གྲགས་དགོངས་རྒྱན་ཏེ་དགོངས་རྒྱན་རྣམ་གསུམ་སོགས་ཡོད་པ་རེད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།   
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧ཞབས་སོར་བདེ་བར་འཁོད་སོང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་བར་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎