སྟེང་ཆེན་རྫོང་གི་བཅའ་སྡོད་སློབ་གྲྭའི་མདུན་ཁྱིམ་བདག་ཕ་མ་ཚོས་སློབ་ཕྲུག་ཚོ་ཕྱི་ལ་གཏོང་དགོས་བའི་ཞུ་འབོད་གནང་འདུག

དེ་ཡང་ཕྱི་ཟླ་༤བའི་ཚེས་༢༧ཉིན་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་བརྡལ་(尺犊镇)་གྱི་བཅའ་སྡོད་སློབ་གྲྭའི་སློབ་མ་རྣམས་རང་ཁྱིམ་དུ་མ་གཏང་སྟབས། སློབ་གྲྭའི་ལྕགས་སྒོའི་འགྲམ་དུ་ཕྲུ་གུའི་ཕ་མ་ཚོས་པུས་མོ་ས་ལ་བཙུགས་པ་དང་ལག་གཉིས་ཐལ་མོ་སྦྱར་ནས་སློབ་གྲྭའི་འགོ་ཁྲིད་ལ་སློབ་མ་རྣམས་ཕྱིར་གཏོང་རོགས་ཞེས་ངུ་འབོད་དང་བཅས་ཞུ་འབོད་གནང་བཞིན་པའི་བརྙན་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་ཡོད།
གནས་ཚུལ་རྩད་གཅོད་བྱས་སྐབས། སྟེང་ཆེན་རྫོང་གི་བཅའ་སྡོད་སློབ་གྲྭ་དེའི་ལྕགས་སྒོའི་འགྲམ་དུ་ཁྱིམ་བདག་དང་ཕ་མ་ཚོ་འདུ་འཛོམས་ཀྱིས་སློབ་མ་ཚོར་ཕྱིར་གཏོང་རོགས་ཅེས་ཞུ་འབོད་ཡུན་རིང་བྱས་མཐར། ཕྱི་ཚེས་༢༨ཉིན་སྟེང་ཆེན་རྫོང་གི་རྫོང་དཔོན་རང་གིས་སྟེང་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་ཁག་གི་སློབ་མ་ཚོ་ཕྱིར་རང་ཁྱིམ་དུ་མངགས་རྒྱུ་ཁས་ལེན་བྱས་ཡོད་པ་དང་། དེ་བས་སློབ་ཕྲུག་ཚོ་ཕྱིར་གཏོང་རྒྱུ་ཡིན་ཚུལ་ཤོད་བཞིན་པ་བོད་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བྱུང་། འོན་ཀྱང་བོད་ནང་གི་ཕྱི་ཟླ་༤པའི་ཚེས་༢༩ཉིན་གྱི་ཞོགས་པ་སྟེང་ཆེན་རྫོང་གི་ས་གནས་སྲིད་གཞུང་གི་གཞུང་ལས་ཁང་དུ་འདི་ག་རླུང་འཕྲིན་ཁང་གིས་ཁ་པར་བཏང་ནས་བཅའ་སྡོད་སློབ་གྲྭའི་སློབ་མ་རང་ཁྱིམ་དུ་མར་མངགས་ཚར་ཡོད་མེད་སྐད་ཆ་དྲིས་སྐབས་འབྲེལ་ཡོད་ལས་བྱེད་བུད་མེད་ཞིག་གིས་ད་དུང་བཏང་ཡོད་བ་མ་རེད་ཅེས་བརྗོད་བྱུང་། ཡང་སྟེང་ཆེན་རྫོང་གི་ཤེས་རིག་ལས་ཁུངས་ལ་གནས་སྟངས་དེའི་སྐོར་འདྲི་རྩད་བྱས་སྐབས་རྒྱ་རིགས་བུད་མེད་ལས་བྱེད་ཞིག་གིས་ཁྱེད་གང་ནས་ཡིན། གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་བ་མ་རེད་ལ་དེའི་སྐོར་བཤད་ཆོག་གི་མ་རེད་ཅེས་བརྗོད་བྱུང་། མ་ཟད་ཁྱེད་རང་སུ་ཡིན་དཔང་རྟགས་ར་སྤྲོད་བྱུང་ཚེ་གནས་ཚུལ་དྲང་བདེན་གཞི་ནས་བཤད་རྒྱུ་ཡིན་སྐོར་བརྗོད་ནས་ཁ་པ་བཞག་སོང་།
དེ་སྔོན་ཡིན་ན་སློབ་གྲྭའི་ངོས་ནས་དབྱར་ཁའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚོད་ལ་སློབ་མ་ཚོར་བདུན་གཅིག་ཙམ་དགོངས་པ་སྤྲོད་སྲོལ་ཡོད་ཀྱང་། འདི་ལོ་ཐོག་མར་གཞུང་གིས་སློབ་གྲྭ་ཡོངས་རྫོགས་དགོངས་པ་སྤྲོད་རྒྱུའི་ཐད་བཀག་སྡོམ་བྱས་སྟབས་མི་དམངས་ཚོས་མ་སྐུལ་བསམ་པ་གཅིག་མཐུན་གྱིས་སློབ་གྲྭའི་སྒོ་འགྲམ་འདུ་འཛོམས་བྱས་ནས་སློབ་མ་ཚོ་ཕྱིར་གཏོང་རོགས་ཅེས་རེ་འབོད་དང་ཞུ་སྐུལ་བྱས་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་པས་བརྗོད་བྱུང་།
ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས། དེ་ནི་བཅའ་སྡོད་སློབ་གྲྭ་ནས་བདུན་རེར་སློབ་ཕྲུག་ཚོ་ཐེངས་རེ་རང་ཁྱིམ་དུ་གཏོང་སྲོལ་ཡོད་ཀྱང་དེ་མ་བཏང་བའི་རྐྱེན་གྱིས་ཁྱིམ་བདག་ཚོས་ཕྱི་ཚེས་༢༧ཉིན་ཞུ་འབོད་བྱས་པ་རེད་ཟེར།
མ་གཞི་ཕྱི་ཟླ་༤ནས་ཕྱི་ཟླ་༦པའི་བར་བོད་ཡོངས་དང་། ལྷག་པར་དུ་ཆབ་མདོ་གྲོང་ཁྱེར་ས་ཁུལ་ཁག་དུ་དབྱར་རྩ་དགུན་འབུ་བརྐོ་བའི་ནམ་དུས་ཡིན་པ་དང་། དུས་སྐབས་དེ་དང་བསྟུན་ནས་བོད་པའི་ཁྱིམ་ཚང་སོ་སོའི་ཕྲུ་གུ་ལོ་གཞོན་དང་བཅས་པའི་གཟུགས་པོ་ཐང་པོ་ཡོད་མཁན་ཚོ་འབུ་བརྐོ་བར་ཕྱིན་ནས་ལོ་གཅིག་གི་ཡོང་འབབ་ཆེ་ཤོས་དེ་ནས་བཟོ་ཐུབ་ཀྱི་ཡོད་འདུག ཕྲུ་གུ་ལོ་ན་ཆུང་བ་དེ་དག་གིས་འབུ་བརྐོ་རྒྱུ་བྱང་ཆ་ཡོད་པ་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་གནས་ཚུལ་ཡོང་ཁུངས་ཁག་གཉིས་ཀྱིས་བརྙན་དང་བཅས་ངོ་སྤྲོད་གནང་བྱུང་། ཡང་བོད་ནས་འབྲེལ་ཡོད་གཞན་ཞིག་གིས་རྒྱ་ནག་གཞུང་གི་སྲིད་ཇུས་འོག་ཞིང་འབྲོག་མང་ཚོགས་ཚོས་ཟོག་སེམས་ཅན་ཚོང་བསྒྱུར་བྱས་ནས་ད་སྐབས་ཡོང་འབབ་འབུ་ཁོ་ནར་བརྟེན་ནས་བསྡད་ཡོད་དུས། སློབ་ཕྲུག་ཚོས་སློབ་སྦྱོང་འཐུས་ཤོར་མི་གཏོང་བ་དང་མཉམ་མི་དམངས་ཀྱི་འཚོ་བར་ལ་ཡང་དཀའ་ངལ་མི་ཡོང་བ་ཞིག་དགོངས་བཞེས་གནང་ཐུབ་ན་བཟང་ཅེས་མི་དམངས་ཚོས་ཞུ་འབོད་གཙོ་བོ་དེ་རེད་ཅེས་འགྲེལ་བརྗོད་བྱས་བྱུང་།
རྒྱུན་དུ་རྒྱ་ནག་གི་གཏན་འཇགས་སློབ་གྲྭ་ཁག་ནས་བོད་ཕྲུག་སློབ་མ་ཚོ་ཕྱིར་གཏོང་གི་མེད་ཅིང་། སློབ་གྲྭའི་ནང་དུ་སྡོད་དགོས་ཀྱི་ཡོད་འདུག
དེ་སྔོན་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་བཏོན་པའི་སྙན་ཐོ་ནང་། རྒྱ་ནག་གཞུང་གི་སྲིད་ཇུས་ཁག་གིས་བཙན་ཤེད་ཀྱི་ཐོག་ནས་བོད་པའི་སློབ་ཕྲུག་གི་བཞི་ཆའི་གསུམ་ཙམ་ཞིག་གཞི་རྒྱ་ཆེ་བའི་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭར་གཏན་སྡོད་བྱེད་དུ་འཇུག་གི་ཡོད་པ་དང་། ཕྲུ་གུ་དེ་དག་ཁོང་ཚོའི་ཁྱིམ་ཚང་དང་ཁུལ་སྡེ་སོ་སོ་ནས་ཁ་བྲལ་དུ་བཏང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་གོམས་འདྲིས་མེད་པ་ཆགས་ཅིང་། སློབ་གྲྭ་དེ་དག་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དབང་སྒྱུར་ལ་འགོག་རྐྱེན་བཟོ་བའི་བྱ་སྤྱོད་ཁག་མེད་པར་བཟོ་ཆེད། བོད་མིའི་ངོ་བོ་རྩ་མེད་བཏང་སྟེ། རྒྱ་ནག་གི་མི་རིགས་རིང་ལུགས་ཀྱི་ལྟ་བ་ཁྱབ་སྤེལ་གཏོང་བའི་ཞི་ཅིན་ཕིན་གྱི་ལས་འགུལ་གྱི་རྨང་རྡོ་ཞིག་ཆགས་ཡོད་པ་བརྗོད་ཡོད།
འོན་ཀྱང་ཉེ་སྔོན་༢༠༢༣ལོའི་སྤྱི་ཟླ ༡པའི་ཚེས་༢༣ཉིན་ཨེ་པི་གསར་ལས་ཁང་གིས་བཅའ་སྡོད་སློབ་གྲྭ་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། བཅའ་སྡོད་སློབ་གྲྭ་ཁག་ནང་བོད་དང་འབྲེལ་བའི་གཞས་ཞབས་བྲོའི་སློབ་ཚན་བསླབ་གྱི་ཡོད་སྐོར་དང་། ཡང་བཅའ་སྡོད་སློབ་གྲྭ་འཛུགས་དགོས་དོན་གཙོ་བོ་བོད་ཀྱི་ས་ཆ་ཁ་ཐོར་དུ་ཕྱིན་པ་དག་སློབ་སྦྱོང་སྤྲོད་ཡུལ་ས་གནས་གཅིག་ཚུར་བསྡུ་བྱས་བའི་མཐུན་རྐྱེན་དང་ཁོར་ཡུག་གང་ལེགས་ཡོད་པའི་ཤེས་ཡོན་སློབ་གསོ་སྤྲོད་ས་ཞིག་ཡིན་པ་རྒྱ་གཞུང་གི་སློབ་གྲྭའི་སློབ་སྤྱི་ཞིག་གིས་འགྲེལ་བརྗོད་བྱས་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེད་མཁས་པ་བཅས་ཀྱིས་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་དེ་དག་ནང་དམར་ཤོག་གི་ལྟ་བ་དང་། ཆབ་སྲིད་སྲིད་ཀྱི་སློབ་གསོ་སྤེལ་བའི་ཐོག་བོད་མི་རིགས་རང་གི་སྐད་ཡིག་དང་། ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་པ་རེད།
གསར་འགོད་པ། བློ་བཟང་ཆོས་འཕེལ། རྡོ་རྗེ་དགྲ་འདུལ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།