འཛམ་གླིང་ཡུལ་གྲུ་ ༢༦ ནང་བཙན་བྱོལ་བོད་མིས་སྲིད་སྤྱིའི་འོས་བསྡུ་གཉེར་བ།

2021.04.11
འཛམ་གླིང་ཡུལ་གྲུ་ ༢༦ ནང་བཙན་བྱོལ་བོད་མིས་སྲིད་སྤྱིའི་འོས་བསྡུ་གཉེར་བ། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་ཚོས་ཕྱི་ལོ་༢༠༢༡ལོའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ནང་མཉམ་ཞུགས་གནང་བཞིན་ཡོད་པའི་གནས་ཚུལ།
ཟླ་བ་གྲགས་པ།
འཛམ་གླིང་ནང་ཀོ་ཝིཌ་༡༩ ཏོག་དབྱིབས་རིམ་ནད་ཁྱབ་གདལ་གྱི་གནས་སྟངས་མུ་འཐུད་ཡོད་ན་ཡང་། བལ་ཡུལ་རྒྱལ་ཁབ་ཀྱི་ནང་དམ་དྲག་གི་གནས་སྟངས་བྱུང་བ་ལས་དེ་མིན་ཨའོསི་ཊརེ་ལི་ཡ་དང་། ནིའུ་ཛེ་ལེནཌ། ཉེ་ཧོང་། ཐེ་ཝན། རྒྱ་གར། ཨཕྷ་རི་ཀ། ར་ཤི་ཡ། ཡོ་རོབ། ཨ་རི་དང་ཀེ་ན་ཌ་སོགས་ཡུལ་གྲུ་ ༢༦ གི་ནང་དེ་རིང་ཕྱི་ཟླ་༤པའི་ཚེས་༡༡ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༦པའི་སྲིད་སྐྱོང་དང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧པའི་སྤྱི་འཐུས་རྣམ་པ་འོས་འདེམས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གཉེར་ཡོད་པ་རེད། རྒྱ་གར་ལྟ་བུར་མཚོན་ན་བོད་མི་གནས་ཡུལ་རྒྱ་གར་ལྷོ་ཕྱོགས་ནས་བྱང་སྣེ་ལ་དྭགས་ཁུལ་དུ་ཡོད་པའི་གཞིས་ཆགས་ཆེ་ཁག་དང་ཁ་ཐོར་གཞིས་ཆགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ་སོགས་སུ་ཞོགས་པ་སྔ་མོ་ནས་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་མང་པོས་དོ་གལ་གྱི་རྣམ་པ་ཆེན་པོ་ལྡན་པའི་ཐོག་ནས་འོས་བསྡུའི་ནང་ཆ་ཤས་བླངས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་།བཀའ་ཤག་གི་བཀའ་བློན་རྣམ་པས་གངས་ཅན་སྐྱིད་ཤོངས་འོས་བསྡུའི་ས་ཚིགས་སུ་འོས་འཕངས་ཤིང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གསོལ་རས་གནང་བའི་མང་གཙོ་ལག་བསྟར་བྱེད་པ་ནི་རྒྱ་ནག་གཞུང་ལ་བརྡ་ལན་དང་།བོད་ནང་གི་བོད་མི་ཚོར་བློ་སྟོབས་འཕེལ་གཞི་ཞིག་ཆགས་ཡོད་པ་གསུངས་ཡོད་པ་རེད། དེ་བཞིན་ཁོང་གིས་ཡོང་རྒྱུར་བསྡད་པའི་བཀའ་ཤག་ལ་ད་ལྟའི་བཀའ་ཤག་ལས་ལྷག་པ་རྒྱལ་སྤྱིའི་སྐྱོར་དང་ཁོང་ཚོའི་ལས་ཡུན་དེའི་རིང་བོད་དོན་བདེན་མཐའ་སེལ་བའི་སྨོན་ལམ་ཡོད་པ་གསུངས་འདུག ཡང་འོས་ཤོག་འཕེན་པར་ཡོང་མཁན་བོད་མི་གཞོན་སྐྱེས་ཚེ་སྒྲུབ་ལགས་ནས།ཡུལ་གྲུ་མང་པོ་ཞིག་ལ་སོ་སོའི་གཞུང་དང་དབུ་ཁྲིད་བདམས་རྒྱུའི་གོ་སྐབས་མེད་ནའང་།ང་ཚོ་ལ་གོ་སྐབས་འདི་ཞིག་ཡོད་པ་དེ་མི་མང་གི་དམ་འཛིན་གནང་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཆེ་ཁག་དང་དེ་བཞིན་ཁ་ཐོར་བོད་མིའི་གཞིས་ཆགས་སུ་འོས་འཕེན་པ་ཧ་ཅང་མང་པོས་མཉམ་ཞུགས་བྱས་འདུག་ཀྱང་། བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་འོས་བསྡུ་བྱ་རྒྱུར་དམ་དྲག་ཤུགས་ཆེ་བྱས་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༤ ཚེས་ ༡༡ ཉིན་བལ་ཡུལ་མཆོད་འཇོར་ས་གནས་ཁུལ་དུ་ཡོད་པའི་བོད་པའི་དགོན་པ་ ༣༠ ལྷག་དང་། བོད་མིའི་སློབ་གྲྭ་ཆེ་ཁག་གཉིས་ཀྱི་སྒོ་འགྲམ་དུ་བལ་ཡུལ་གྱི་ཉེན་རྟོག་པ་འགྲེམ་འཇོག་གིས་དམ་དྲག་བྱས་འདུག བཞུགས་སྒར་རྡ་རམ་ས་ལར་འོས་ཤོག་འཕེན་མཁན་དགེ་འདུན་པ་རབ་བརྟན་ལགས་ཀྱིས། འོས་ཤོག་འཕངས་ནས་ང་ཚོས་སོ་སོའི་མགོ་ཁྲིད་འདེམ་བཞིན་པ་དེས། བོད་མི་རིགས་ཇི་སྲིད་ནམ་གནས་ཀྱི་བར།ང་ཚོའི་འཐབ་རྩོད་དེ་གནས་ཐུབ་པར་རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་པ་མཚོན་གྱི་ཡོད་པ་གསུངས་འདུག ཨ་མི་རི་ཀ་དང་ཀེ་ན་ཌའི་ས་ཁུལ་ཁག་ཅིག་གི་ནང་ཚེས་ ༡༠ གཟའ་སྤེན་པ་ནས་འོས་ཤོག་འཕེན་འགོ་བཙུགས་ཡོད་པ་རེད། དབུས་འོས་བསྡུ་ལས་ཁང་གི་ཐོ་འགོད་ཞུས་པ་གཞིར་བཟུང་ན། ཐེངས་འདིའི་དངོས་གཞིའི་འོས་བསྡུར་དེབ་སྐྱེལ་བྱེད་མཁན་མི་གྲངས་ ༨༣༠༧༩ (བརྒྱད་ཁྲི་གསུམ་སྟོང་བདུན་ཅུ་དོན་དགུ) བྱུང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎