གྲོང་གསེབ་གྲོང་ཁྱེར་ཅན་ལ་བསྒྱུར་བའི་སྲིད་ཇུས་དང་གནས་སྤོར་བོད་མིར་དཀའ་ངལ།


2019.12.20
ལྷ་སའི་བར་སྐོར་གླིང་དུ་ཉེན་རྟོག་པ་དང་ངལ་རྩོལ་བ་ཞིག ༢༠༠༩ ལྷ་སའི་བར་སྐོར་གླིང་དུ་ཉེན་རྟོག་པ་དང་ངལ་རྩོལ་བ་ཞིག ༢༠༠༩
AP

རྒྱ་ནག་གཞུང་གིས་བོད་ནང་གྲོང་གསེབ་གྲོང་ཁྱེར་ཅན་ལ་བསྒྱུར་བའི་སྲིད་ཇུས་འོག་གནས་སྤོར་བྱས་བའི་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་དབུལ་སྐྱོར་ཟེར་བའི་ལས་གཞིའི་འོག་ལྷ་སའི་སྟོད་ལུང་ནས་ལྷ་སའི་གྲོང་ཁྱེར་དུ་གནས་སྤོ་བྱས་པའི་བོད་མི་ཚོ་གྲོང་ཁྱེར་གྱི་འཚོ་བའི་ཐད་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། སྟོད་ལུང་ནས་གནས་སྤོར་བྱས་བའི་ཞིང་པ་ཚོའི་ས་ཞིང་ཕལ་ཆེ་བ་རྒྱ་ནག་གཞུང་ལ་ཤོར་ཡོད་པ་བོད་ནང་གནས་བཞུགས་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་གི་འདུག
བོད་མི་ཁོང་གིས་གསུངས་ན། རྒྱ་ནག་གཞུང་གི་དབུལ་སྐྱོར་ཟེར་བའི་ལས་གཞིའི་འོག་ལྷ་སའི་གྲོང་ཁྱེར་གྱི་ཉེ་འཁོར་དུ་ཡོད་པའི་སྟོད་ལུང་དང་། ཚལ་གུང་ཐང་། དེ་བཞིན་སྣེའུ་སོགས་ཀྱི་ཞིང་པ་ཚོས་རང་ཉིད་ཀྱི་ས་ཞིང་རྣམས་གཞུང་ལ་བཙོང་སྟེ། ཕྱིས་སུ་རང་ཉིད་ཀྱི་ས་ཞིང་གི་བདག་དབང་མེད་པར་གྱུར་ནས་བོད་མི་ཁ་ཤས་ད་ཆ་སྤྲང་པོ་ལྟ་བུར་གྱུར་ཡོད་པ་སོགས་གནས་སྤོར་བྱས་བའི་བོད་མི་ཚོ་ཕྱོགས་འདྲ་མིན་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཉེ་ལམ་སྤྱི་ཟླ་༡༡་པའི་ཟླ་མཇུག་ལ་རྒྱ་ནག་གི་གཞུང་འབྲེལ་དྲ་བ་ཤིན་ཧྭ་ཞེས་པའི་སྟེང་གནས་ཚུལ་སྤེལ་བ་གཞིགས་ན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། གྲོང་གསེབ་ཁག་གི་གནས་སྟངས་ཐད་ཡར་རྒྱས་ཤུགས་ཆེན་བཏང་ཡོད་ལུགས་དང་ཡོང་འབབ་ཀྱང་ལོ་གཅིག་ནང་བརྒྱ་ཆ་༡༢།༩་འཕར་ཡོད་པ་དང་། ལྷག་པར་དུ་ལོ་འདིའི་སྤྱི་ཟླ་༡་ནས་༩་པའི་བར་བོད་ཀྱི་འབྲོག་པ་དང་ཞིང་པ་ཁྱོན་༥༠༨༠༠༠་སྐོར་ཞིག་ལ་གྲོང་ཁྱེར་ནང་ལས་ཀ་རག་ཡོད་ལུགས་ཀྱི་གནས་ཚུལ་འདོན་སྤེལ་གནང་འདུག འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཨར་ཡ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་གཞུང་གིས། སྔ་ཕྱི་བར་གསུམ་བོད་ནང་དུ་ཡར་རྒྱས་བཏང་ཡོད་ལུགས་དྲིལ་བསྒྲགས་སྣ་ཚོགས་བྱེད་བཞིན་ཡོད་པ་དེ་ནི། དོན་དངོས་ཐོག་བོད་མི་ཚོའི་ཕུགས་ལ་ཕན་ཐོགས་མེད་པ་མ་ཟད། རྒྱ་ནག་གཞུང་གིས་དབུལ་སྐྱོར་ལས་གཞི་ཞེས་ཁ་གཡར་ནས་འཛུགས་སྐྲུན་འདྲ་མིན་བྱེད་བཞིན་པས་གནས་སྐབས་ཕན་ཐོགས་ཡོད་པ་ལྟ་བུ་ཡིན་ཡང་ཕུགས་ལ་བོད་ཡུལ་དེ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ཉེན་ཁ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སྤྱི་ལོ་༢༠༡༩་ལོ་འདིའི་ནང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་༣༧་སྐོར་ཞིག་འབྱོར་ཡོད་པ་དང་། སྤྱི་ལོ་༢༠༡༣་ནས་བཟུང་རྒྱ་ནག་གཞུང་གིས་དབུལ་སྐྱོར་ལས་གཞི་ཟེར་བ་དང་། གྲོང་གསེབ་གྲོང་ཁྱེར་ཅན་དུ་འགྱུར་བའི་སྲིད་བྱུས་ཞེས་བོད་ས་ཁྱོན་ཡོངས་དུ་ལག་བསྟར་བྱེད་བཞིན་ཡོད་པ་སོགས་ཀྱི་རྐྱེན་གྱིས། བོད་ནང་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུ་དང་། རྒྱ་རིགས་མི་འབོར་སྤོ་ཤུགས་བྱེད་རྒྱུ་སོགས་སྟབས་བདེ་རུ་ཕྱིན་ཏེ། འབྱུང་འགྱུར་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུ་ཡིན་པའི་ཉེན་ཁ་ཡོད་པ་རྡ་སར་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་བོད་ནང་འབྲོག་པ་གྲོང་ཁྱེར་དུ་གནས་སྤོ་བྱེད་རྒྱུའི་ལས་གཞི་ཞེས་བོད་ས་ཡོངས་ལ་སྤེལ་བཞིན་ཡོད་ནའང་། དེ་ལས་ལྡོག་སྟེ་ད་ཆ་འཛུགས་སྐྲུན་ལས་གཞི་སོགས་ཀྱི་རྐྱེན་གྱིས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ནི་ལོ་རེར་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཁར། གྲོང་ཁྱེར་དུ་གནས་སྤོ་བྱས་བའི་ཞིང་འབྲོག་མི་དམངས་ཀྱི་འཚོ་བ་དང་འཕྲོད་བསྟེན་གང་ཅིའི་ཐད་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་ཐེར་འདོན་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཉག་ཆུ་རྫོང་གི་རི་ངོས་སུ་སླར་ཡང་མེ་སྐྱོན་ཤུགས་ཆེན་ཤོར་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎