ཅེན་ནའི་ནང་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཁང་གིས་གཞུང་ཚབ་ཆེན་མོས་བོད་ནང་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་སྲིད་བྱུས་ལ་ཐུགས་འཚབ་ཡོད་སྐོར་གསུངས་འདུག
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ནས་བོད་མི་མང་ཚོགས་ཁྲོད་བདེ་སྡུག་གཟིགས་ཞིབ་དང་ཆབ་སྲིད་གོ་རྟོགས་སྤེལ་རྒྱུ་སོགས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་རྣམ་གཉིས་ནས་འདི་ལོའི་ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ ཚེས་ ༡༡ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་དང་། ཏ་མིལ་ནཱ་ཌུ་མངའ་སྡེའི་རྒྱལ་ས་ཅེན་ནའི། པོན་ཌི་ཅ་རི། ར་མེ་ཤ་ཝ་རན། མ་དུ་རཱ་ཡི། ཏི་རུ་པ་ཏི། ཀན་ནེ་ཡ་ཀུ་མ་རི་དང་ཀོ་ཅིན་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་ཕེབས་གནང་སྟེ། ཟླ་ ༡ ཚེས་ ༣༡ ཉིན། ཅེན་ནའི་ནང་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་བ་སྐུ་ཞབས་རི་ཅཊ་ཁྲན་ (Richard C.L. Chen) དང་། འགན་འཛིན་ཌེ་ནིསི་ཚའེ་ (Dennis M.S Tsai) རྣམ་གཉིས་དང་ཐུག་འཕྲད་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ཐེ་ཝན་གཞུང་དང་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་ལམ་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་དང་སྒྲོམ་གཞིའི་སྐོར་གསུངས་ཡོད་པ་དང་། ཐེ་ཝན་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་ནས་ཀྱང་། ཐེ་ཝན་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་གཉིས་ཀ་མང་གཙོའི་ལམ་ལུགས་ཀྱི་ཐོག་སྐྱོད་བཞིན་ཡོད་པ་གསལ་སྟོན་གནང་བ་དང་སྦྲགས། རྒྱ་ནག་གཞུང་ཕྱོགས་ནས་ཐེ་ཝན་ནང་དུས་རྟག་ཏུ་བསུན་གཙེར་བཟོ་བཞིན་པ་ཙམ་མ་ཟད། བོད་ནང་དུའང་རྒྱ་ནག་གཞུང་གིས་སྤེལ་རྒྱུའི་སྲིད་བྱུས་སྤེལ་བཞིན་པར་ཐུགས་འཚབ་ཡོད་སྐོར་གསུངས་ཡོད་པ། བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
མ་ཟད་ཁོང་གིས་མུ་མཐུད། འདི་ཚེས་ ༡ ཉིན་སྤྱི་འཐུས་རྣམ་གཉིས་ནས་ཁུལ་དེའི་བྷི་ཇེ་པི་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཅཀ་ར་བར་ཏི་ (Chakravarthy) དང་། མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སེལ་བ་པེ་རུན་ཐ་གའི་ (K. Selvaperunthagai) དང་ཚོགས་གཞོན་སྐུ་ཞབས་ས་བར་ན་སེ་ཐུ་ར་མན་(Swarnah Sethuraman) རྣམ་གཉིས་དང་མཇལ་འཕྲད་ཀྱིས། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མི་བཙན་བྱོལ་བ་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་ཅིང་། རྒྱ་གར་ཆབ་སྲིད་ཚོགས་པ་རྣམས་ནས་ཀྱང་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་དང་། བོད་མིའི་དཀའ་ངལ་བསལ་རྒྱུའི་ཐད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་གསུངས་བྱུང་།
སྤྱི་འཐུས་རྣམ་གཉིས་ནས་ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་ཌུ་མངའ་སྡེའི་རྒྱལ་ས་ཅེན་ནའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་རྗེས། པོན་ཌི་ཅ་རི་དང་ར་མེ་ཤ་ཝ་རན། མ་དུ་རཱ་ཡི། ཏི་རུ་པ་ཏི། ཀན་ནེ་ཡ་ཀུ་མ་རི། ཀོ་ཅིན་དང་། སྦེལ་ཀོབ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་ཕེབས་མུ་མཐུད་གནང་རྒྱུ་ཡིན་པ་རེད་འདུག །
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།