ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
༢༠༢༥ ཟླ་ ༡ ཚེས་ ༢༠ རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་གྱི་གྲོས་ཚོགས་ནང་དུ། ཨ་མི་རི་ཀའི་་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་ (Donald Trump) མཆོག་གིས་སྲིད་འཛིན་གྱི་མཛད་འཁུར་དམ་འབུལ་དང་བསྟུན། ཌོ་ནལཌི་ཊམཔ་ཀྱི་སྲིད་གཞུང་ངམ་ཨ་རིའི་སྲིད་འཛིན་གྱི་ལས་ཁུར་ཐེངས་གཉིས་པའི་ཐུགས་འགན་བཞེས་གནང་གི་ཡོད་པར། འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་གིས་འཛམ་གླིང་སྤྱིའི་གནས་སྟངས་བཟང་ཕྱོགས་སུ་འགྱུར་བའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་དང་མང་ཚོགས་གཉིས་ཀྱི་ངོས་ནས་ཀྱང་ཌོ་ནལཌི་ཊམཔ་མཆོག་གིས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་རེ་བ་གནང་གི་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། སྲིད་འཛིན་ཊམཔ་མཆོག་ལ་འཚམས་འདྲི་ཞུས་པ་དང་འབྲེལ། བོད་ཀྱི་གནས་ཚུལ་ཐོག་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་ངོས་ནས་ཁྲིམས་འཆར་རབ་དང་རིམ་པ་མང་པོ་གཏན་འབེབས་གནང་ཡོད་པ་དང་། ལྷག་པར་བོད་དོན་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དེར་སྲིད་འཛིན་བྷཡེ་ཌེན་མཆོག་གིས་མཚན་རྟགས་བཀོད་དེ་ཨ་མི་རི་ཀའི་ལག་བསྟར་གྱི་ཁྲིམས་སུ་གྱུར་ཡོད་པར་བརྟེན། ཁྲིམས་ཡིག་དེའི་རྩ་དོན་ལག་བསྟར་ཡོང་ཐབས་སུ་བོད་དོན་ཐད་ཕྱག་ལས་གནང་དགོས་པ་མ་ཟད། བོད་ཀྱི་བདེན་མཐའ་སེལ་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་བོད་རྒྱ་འབྲེལ་མོལ་གང་མགྱོགས་ཡོང་ཐབས་སུ་འབད་བརྩོན་གནང་རེ་ཤུགས་ཆེ་ཡོད་པ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་གར་གྱི་རྟོག་དཔྱོད་དང་ཞིབ་འཇུག་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཧརཤི་པནྟ་ (Harsh V Pant) ལགས་ཀྱིས་ཀྱང་། ཨ་མི་རི་ཀའི་སྲིད་འཛིན་ཊམཔ་ཀྱི་ལས་ཁུར་སྔ་མའི་སྐབས་རྒྱ་ནག་ལ་ཁ་གཏད་དང་གདོང་ལེན་ཤུགས་ཆེ་གནང་སྟེ། འཛམ་གླིང་སྤྱིས་རྒྱ་ནག་ལ་ལྟ་སྟངས་ཀྱི་ཁ་ཕྱོགས་བསྒྱུར་ཡོད་པ་དང་། ལྷག་པར་ད་རེས་ཁོང་གི་འཛིན་སྐྱོང་གི་དཔོན་རིགས་མཐོ་གྲས་ནང་རྒྱ་ནག་ལ་ལྟ་སྟངས་མི་ལེགས་པ་འཛིན་མཁན་མང་པོ་ཡོད་པས། གལ་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་འཛིན་ཌོ་ནལཌི་ཊམཔ་ཀྱི་གྲོས་མོལ་ལམ་འགྲོ་ཡག་པོ་མ་བྱུང་ན། ཨ་མི་རི་ཀས་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེར་འགྲོ་ངེས་ཡིན་པ་གསལ་སྟོན་གནང་གི་འདུག ཁོང་གིས་གསུངས་དོན་ལ། ཨ་མི་རི་ཀ་དང་རྒྱ་ནག་གི་དབར་ཕྱིར་ཚོང་དང་ནང་འདྲེན་གྱིས་མཚོན་པའི་ཚོང་ལས་བརྗེ་རེས་དོ་སྙོམ་བྱུང་ཚེ། རྒྱ་ནག་དང་ཨ་མི་རི་ཀའི་དབར་གྱི་མི་མཐུན་པའི་གནད་དོན་གཞན་ཁག་དང་འདྲ་བར་བོད་དོན་ལའང་དོ་སྣང་ཇེ་ཆུང་དུ་འགྲོ་རྒྱུ་ཡིན་ནའང་། སྲིད་འཛིན་ཌོ་ནལཌི་ཊམཔ་ཀྱིས་རྒྱ་ནག་ད་དུང་མུ་མཐུད་ཨ་རིའི་འགྲན་ཡ་ཆེ་ཤོས་སུ་མཐོང་བ་དང་། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་དང་དམིགས་བསལ་སྤྱི་མཐུན་ཚོགས་པའི་མི་མང་པོ་ཞིག་གི་སེམས་ངོར། རྒྱ་ནག་གིས་ཨ་མི་རི་ཀར་ཤུགས་རྐྱེན་དང་འགྱུར་བ་ཆེན་པོ་གཏོང་ཉེན་གྱི་ཚོར་བ་ཡོད་པ་དེ་མུ་མཐུད་དུ་གནས་པ་ཡིན་ན། ཨ་མི་རི་ཀའི་སྲིད་དོན་གྱི་ནང་བསྐྱར་དུ་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་ཤུགས་ཆེ་བྱུང་ངེས་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་གིས་ཀྱང་། སྲིད་འཛིན་ཌོ་ནལཌི་ཊམཔ་ལ་བོད་དོན་ཐོག་དམིགས་བསལ་དོ་སྣང་ཡོད་པ་མི་སྣང་ཡང་། རྒྱ་ནག་ནི་ཨ་མི་རི་ཀར་ཉེན་ཁ་ཡོད་པར་ངོས་འཛིན་གྱིས་རྒྱ་ནག་ལ་བསྟུན་ཤེས་མི་གནང་བར་ཁ་གཏད་བྱ་རྒྱུ་དེ་ཌོ་ནལཌི་ཊམཔ་ཀྱིས་འགོ་བཙུགས་ཡོད་ཅིང་། ཁོང་གིས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་དོ་སྣང་གནང་གི་ཡོད་པར་བརྟེན། བོད་དོན་གྱི་ངོ་བོའི་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་ངེས་ཡིན་པ་དང་བོད་དོན་ལ་སྔར་དང་མི་འདྲ་བའི་གོ་སྐབས་ཤིག་ཡོད་པར་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། ཨ་མི་རི་ཀའི་གཞུང་འཛིན་གསར་པའི་སྲིད་འཛིན་གྱི་འགན་འཁུར་དམ་འབུལ་སྐབས་འདིར། སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་གིས་སྐབས་སྔ་མའི་སྲིད་གཞུང་འཛིན་པའི་སྐབས་བོད་དོན་རྒྱབ་སྐྱོར་གང་ལེགས་གནང་ཡོད་པ་བཞིན། ད་ལན་ཡང་བོད་དོན་ཐོག་རྒྱབ་སྐྱོར་གང་ཡོང་གནང་རེ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཨ་མི་རི་ཀའི་སྲིད་འཛིན་དུ་སླར་ཡང་འདེམས་བསྐོ་བྱུང་པ་སྲིད་འཛིན་ ༤༧ པ་ཌོལ་ནལཌི་ཌོ་ནལཌི་ཊམཔ་མཆོག་ནི་སྤྱིར་བཏང་འཛམ་གླིང་སྤྱི་དང་ལྷག་པར་ཨ་མི་རི་ཀའི་ནང་གླེང་གཞི་ཆེ་བའི་སྲིད་དོན་པ་ཞིག་ཡིན་ནའང་། ཁོང་གིས་སྲིད་འཛིན་གྱི་ལས་ཁུར་སྔ་མའི་སྐབས་སུ་རྒྱ་ནག་གི་དངོས་ཟོག་ཨ་མི་རི་ཀར་ནང་འདྲེན་གྱི་ཐོག་སྒོ་ཁྲལ་ཤུགས་ཆེ་བཀལ་ཏེ། ཨ་མི་རི་ཀ་དང་རྒྱ་ནག་གི་དབར་ཚོང་གི་དམག་འཁྲུག་ཤུགས་ཆེ་བྱུང་ཡོད་པ་མ་ཟད། ད་རེས་ཀྱང་སྲིད་འཛིན་མཆོག་གིས་རྒྱ་ནག་ནི་ཡོ་རོབ་ཀྱི་གྷིརིན་ལནཌི་ས་ཁུལ་དང་པ་ན་མ་མཚོ་ལམ་བཅས་སུ། ཨ་མི་རི་ཀར་ཉེན་ཁ་ཆེན་པོ་ཆགས་ཡོད་པར་ངོས་འཛིན་གནང་གི་ཡོད་པ་དང་མཚུངས། རྒྱ་ནག་གི་དངོས་ཟོག་སྣ་ཚོགས་ཨ་མི་རི་ཀར་ཕྱིར་ཚོང་གི་ཐོག་སྒོ་ཁྲལ་ཤུགས་ཆེ་འགེལ་ངེས་ཡིན་པར་གསུངས་ཡོད་པས། རང་བཞིན་གྱིས་བོད་དོན་ཐོག་བཟང་ཕྱོགས་ཀྱི་རྣམ་འགྱུར་དང་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་ཐེབས་ངེས་ཡིན་པ། བོད་དོན་ཐོག་འབྲེལ་ཡོད་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་ནོར་འཛོམས། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།