རྡང་ཆུ་གཙང་པོའི་ཁོར་ཡུག་སྲུང་སྐྱོབ་མཁན་མཚོ་སྔོན་ཚེ་རིང་ལགས་བསྐྱར་དུ་འབོད་འགུག་གིས་བཀག་ཉར་འོག་བཞག་ཡོད་འདུག

2024.11.01
རྡང་ཆུ་གཙང་པོའི་ཁོར་ཡུག་སྲུང་སྐྱོབ་མཁན་མཚོ་སྔོན་ཚེ་རིང་ལགས་བསྐྱར་དུ་འབོད་འགུག་གིས་བཀག་ཉར་འོག་བཞག་ཡོད་འདུག བརྙན་ལམ་ནས་ཞུ་འབོད་མཁན་མཚོ་སྔོན་ཚེ་རིང་ལགས།
མི་སེར་གྱི་འདྲ་པར།

* གནས་ཚུལ་ཁ་སྣོན་བྱས་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༢༠ འགོ་སྟོད་ཙམ་ནང་རྒྱ་ནག་གི་འབྲེལ་ཡོད་མི་སྣས། བོད་ནང་གི་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོའི་རྡང་ཆུ་གཙང་བོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས། བསྐྱར་དུ་འབོད་འགུག་གིས་ད་ལྟའི་ཆར་བདུན་ཕྲག་གཅིག་མ་ཟིན་ཙམ་འགྲོ་བཞིན་ཡོད་ན་ཡང་། མུ་མཐུད་ཁྱུང་མཆུ་རྫོང་ཐོག་ཏུ་བཀག་ཉར་གྱིས་ཀློད་གྲོལ་གཏོང་གི་མེད་པ་དང་། ཁོང་གི་ནང་མི་དང་འབྲེལ་ཡོད་སྡེ་མི་སོགས་ནས། མཚོ་སྔོན་ཚེ་རིང་ལགས་སུ་ནག་ཉེས་རིགས་གང་ཡང་མེད་པས་ཁོང་མགྱོགས་མྱུར་ཀློད་གྲོལ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བོད་རིགས་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ནས། ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན། རྒྱ་ནག་གི་སྐད་འཕྲིན་སྤྱི་ཚོགས་དྲ་ལམ་བརྒྱུད།  རྒྱ་ནག་གི་ (Anhui Xianhe) བཟོ་ལས་ཚོང་གཉེར་ཁང་གིས་ཡུལ་དེའི་རྡང་ཆུ་གཙང་བོའི་བཞུར་རྒྱུན་དུ་བྱེ་ཟེགས་སྔོག་འདོན་ཤུགས་ཆེར་བྱས་ཏེ། ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད་པ་རྒྱབ་ལྗོངས་བརྙན་དང་བཅས་བསམ་ཚུལ་སྤེལ་རྐྱེན། ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གཞུང་འབྲེལ་མི་སྣས་མཚོ་སྔོན་ཚེ་རིང་གཙོས་སྡེ་བའི་ཡུལ་མི་མང་དག་ཅིག་འབོད་འགུག་གིས་འདྲི་རྩད་རྗེས། ཕྱིར་ཁྱིམ་དུ་ཀློད་ཡོད་ན་ཡང་ཉིན་ཤས་རྗེས་བསྐྱར་དུ་འབོད་འགུག་བྱས་ཡོད་པ་དང་། ད་ལྟའི་ཆར་བཀག་ཉར་འོག་ཡོད་པ་ལས་འདྲི་རྩད་རིགས་ག་རེ་བྱེད་བཞིན་ཡོད་མེད་སོགས་གསལ་ཁ་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

ཚ་རུ་མ་ཡུལ་ཚོའི་ནང་བྱེ་ཟེགས་སྔོག་འདོན་བྱེད་མཁན་གྱི་ཨན་ཧུའེ་ཤན་ཧེ་འཛུགས་སྐྲུན་ལས་གྲའི་ཚོང་གཉེར་ཁང་ཟེར་བ་དེ། ཕྱི་ལོ་ ༢༠༡༢ ཟླ་ ༦ ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་དེབ་སྐྱེལ་དང་སྒོ་འབྱེད་བྱས་ཡོད་པ་དང་། འཛུགས་སྐྲུན་ཚོང་ལས་ཁང་དེས་དྲྭ་ཐོག་ཚོང་ལས་ཁང་དེའི་ངོ་སྤྲོད་ཡིག་ཆའི་ནང་ལས་ཁང་དེའི་ལས་དོན་གཙོ་བོ་ནི་གཞུང་ལམ་འཛུགས་སྐྲུན་དང་། སྤྱི་པའི་གྲོང་ཁྱེར་འཛུགས་སྐྲུན། ཆུ་མཛོད་དང་གློག་ཤུགས་ཀྱི་ནུས་པ་འཛུགས་སྐྲུན། གློག་ཤུགས་འཕྲུལ་ཆས་འཛུགས་སྐྲུན། ཟམ་པ་འཛུགས་སྐྲུན། གྲོང་ཁྱེར་དང་ལམ་ཁའི་གློག་སྒྲོན་འཛུགས་སྐྲུན། ཡུལ་ལྗོངས་ཀྱི་འཆར་འགོད་འཛུགས་སྐྲུན། ས་འོག་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ་བཟོ་བཀོད། མེ་འགོག་བཟོ་བཀོད། རྩེད་རྭའི་བཟོ་བཀོད། སྡོད་ཁང་བཟོ་བཀོད། ཁང་པའི་མཛེས་བཟོ་དང་མཛེས་རྒྱན་བཟོ་བཀོད། གློག་ཤུགས་བཟོ་བཀོད་སོགས་བྱེད་བཞིན་པ་འགྲེལ་བརྗོད་བྱས་ཡོད་པ་དང་། འཛུགས་སྐྲུན་བཟོ་ལས་ཚོང་གཉེར་ཁང་དེས་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་འཛུགས་སྐྲུན་འདྲ་མིན་གྱི་ཚོང་ལས་གཉེར་བཞིན་ཡོད་པ་དང་། ལྷ་ས་གྲོང་ཁྱེར་དང་སྟོད་ལུང་བདེ་ཆེན་རྫོང་སོགས་སུ་འཛུགས་སྐྲུན་བྱས་ཡོད་པ་རྒྱ་ནག་གི་གསར་ལམ་ཁག་ཏུ་གསལ་འདུག

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཚེ་རིང་ལགས་ནས་སྤྱི་ཚོགས་དྲ་ལམ་དུ་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་དང་འབྲེལ་བའི་ཞུ་སྐུལ་བརྙན་ཐུང་སྤེལ་རྗེས། ལྟ་བཤེར་དང་མཆན་འབྲི་མཁན་བརྒྱ་ཕྲག་བརྒལ་བ་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་དུ་ཁོང་གི་བརྙན་ནག་བསུབ་དང་། མཚོ་སྔོན་ཚེ་རིང་ལགས་ཀྱི་མིང་ཐོག་ཏུ་ཐོ་འགོད་བྱས་པའི་དྲྭ་ཁུངས་རྩ་མེད་བཟོས་འདུག་ལ། སྤྱིར་མཚོ་སྔོན་ཚེ་རིང་ལགས་ད་ཐེངས་ཙམ་མ་ཡིན་པར། འདས་པའི་ལོ་གཉིས་ཀྱི་རིང་གོང་ཞུས་གནད་དོན་དེའི་ཐད་ས་གནས་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་གཏུག་དང་རྒྱ་ནག་གི་འཛུགས་སྐྲུན་ཁང་དེ་ལ་ངོ་རྒོལ་སོགས་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་ན་ཡང་། ད་བར་ཡ་ལན་བྱེད་མཁན་གཅིག་ཀྱང་བྱུང་མེད་པ་རེད་འདུག

ཨ་མི་རི་ཀའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(International Campaign for Tibet)་གིས་སྤྱི་ཟླ་༡༠བའི་ཚེས་༣༡ཉིན། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་། ཁོར་ཡུག་སྲུང་སྐྱོབ་པ་སོགས་འཛིན་བཟུང་བཀག་ཉར་དང་། འཛིན་བཟུང་བཙོན་འཇུག་བྱས་བའི་གནས་ཚུལ་ཡོང་བཞིན་པས་ན། གོང་བརྗོད་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཞུ་སྐུལ་པ་མཚོ་སྔོན་ཚེ་རིང་ལགས་ཀྱི་བདེ་འཇགས་ཐད་སེམས་ཁྲལ་བྱེད་ཀྱི་ཡོད། བོད་མི་གཞོན་སྐྱེས་དེས་རྒྱ་ནག་གི་ཚོང་གཉེར་ཚན་པས་རྡང་ཆུ་གཙང་འགྲམ་གྱི་བྱེ་རྡོ་སྔོག་འདོན་ལ་བརྟེན་ནས་རང་གི་ཕ་ཡུལ་གྱི་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་ཐེབས་བཞིན་པའི་དངོས་ཡོད་གནས་སྟངས་ཐེར་འདོན་དང་མཉམ་ཡོངས་གྲགས་ཀྱིས་སེམས་ཚབས་ཀྱི་རྣམ་འགྱུར་བསྟན་པར་ཡང་མནར་གཅོད་གཏོང་རྒྱུའི་ཉེན་ཁ་ཡོད། དེ་བས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མདོ་སྨད་རྔ་བ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོའི་རྡང་ཆུ་གཙང་བོའི་ཁོར་ཡུག་གཏོར་སྐྱོན་གྱི་གནས་སྟངས་དང་། ཁོར་ཡུག་གཏོར་སྐྱོན་གྱི་གནས་སྟངས་ཐེར་འདོན་དང་སྲུང་སྐྱོབ་དགོས་བའི་ཞུ་སྐུལ་བྱེད་མཁན་ཁོར་ཡུག་སྲུང་སྐྱོབ་པའི་གནས་སྟངས་བཅས་བར་མུ་མཐུད་དུ་དོ་སྣང་ལྟ་སྲུང་བྱེད་རྒྱུ་ཡིན་པ་བརྗོད་འདུགབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མདོ་སྨད་རྔ་བ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོའི་རྡང་ཆུ་གཙང་བོའི་ཁོར་ཡུག་གཏོར་སྐྱོན་གྱི་གནས་སྟངས་དང་། དེ་ཐེར་འདོན་དང་སྲུང་སྐྱོབ་དགོས་བའི་ཞུ་སྐུལ་གནང་མཁན་ཁོར་ཡུག་སྲུང་སྐྱོབ་པའི་གནས་སྟངས་བཅས་བར་མུ་མཐུད་དུ་དོ་སྣང་གིས་ཞིབ་འཇུག་བྱེད་མུས་ཡིན་པ་བརྗོད་འདུག


གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎