དབྱིན་ཇིའི་ལོ་རྒྱུས་སྟེང་ཨེ་ཤེ་ཡའི་རིགས་རྒྱུད་ཡིན་པ་ཞིག་ཆེས་ཐོག་མ་དབྱིན་ཇིའི་སྲིད་བློན་ཆགས་འདུག

2022.10.25
དབྱིན་ཇིའི་ལོ་རྒྱུས་སྟེང་ཨེ་ཤེ་ཡའི་རིགས་རྒྱུད་ཡིན་པ་ཞིག་ཆེས་ཐོག་མ་དབྱིན་ཇིའི་སྲིད་བློན་ཆགས་འདུག བྱིན་ཇིའི་རྒྱལ་བོ་ཆར་ལོ་སི་གསུམ་པར་Charles III)་དང་སྲིད་བློན་གསར་བ་(Rishi Sunak)་ལགས་གཉིས། ༡༠།༢༥།༢༠༢༢
@RoyalFamily

དེ་ཡང་འདི་ཚེས་༢༤ཉིན་དབྱིན་ཡུལ་གྱི་རྙིང་ཞེན་ཆབ་སྲིད་ཚོགས་པ་(Conservative Party)་འགོ་ཁྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་(Rishi Sunak)་ལགས་སུ་ཡུལ་དེའི་སྲིད་བློན་གྱི་རྒྱལ་ཁ་ཐོབ་ཡོད་པ་དང་། ཚེས་༢༥ཉིན་(Buckingham)་ཕོ་བྲང་དུ་དབྱིན་ཇིའི་རྒྱལ་བོ་ཆར་ལོ་སི་གསུམ་པར་(Charles III) མཇལ་ཁ་ཞུས་ནས་གཞུང་གསར་བ་འཛུགས་རྒྱུའི་བཀའ་འཁྲོལ་གནང་ཡོད་པ་རེད།
དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གཙོས་རྒྱལ་ཁབ་འདྲ་མིན་གྱི་དྲག་མནོན་མནར་གཅོད་འོག་ཚུད་པ་རྣམས་ཀྱི་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་སུ། དབྱིན་ཇིའི་གཞུང་གསར་པ་སླེབས་པར་མ་འོངས་པར་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་ལ་ཁྱད་པར་འགྲོ་མིན་སོགས་ཀྱི་སྐོར་བཅར་འདྲི་ཞུས་སྐབས། ཁོང་གིས། རྩ་བའི་ཆ་ནས་བོད་དོན་ཐད་དམིགས་བསལ་ཁྱད་པར་ཞིག་ཡོད་པ་མཐོང་མ་སོང་ལ་རེ་བ་ཡང་བྱས་མེད། ཡིན་ན་ཡང་སྐུ་ཞབས་(Rishi Sunak)་ལགས་ཀྱིས་དེ་སྔ་བསྒྲགས་པའི་ཁོང་གི་ལངས་ཕྱོགས་ལ་གཞིགས་ན། ཁོང་ནི་དབྱིན་ཇིའི་དཔལ་འབྱོར་བདེ་འཇགས་ཐད་ཕུགས་རྒྱང་རིང་པོར་གཞིགས་ནས་བསམ་བློ་གཏོང་མཁན་ཞིག་དང་། དེ་དང་འབྲེལ་རྒྱ་ནག་ནི་དབྱིན་ཇིའི་ལ་ཉེན་ཁ་ཆེ་ཤོས་བཟོ་མཁན་ཞིག་ལ་ངོས་འཛིན་དང་། དེ་བཞིན་འཛམ་གླིང་གི་བདེ་འཇགས་དང་དཔལ་འབྱོར་ཡར་རྒྱས་ལ་འགོག་རྐྱེན་བཟོ་མཁན་ཞིག་ཡིན་པའི་ངོས་འཛིན་དང་མཉམ། དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཚང་མ་སྒོ་རྒྱག་རྒྱུ་ཡིན་པ་སོགས་གསུང་ཡོད་པ་དེ་གནད་འགག་ཡིན་པ་བརྗོད་བྱུང་།
ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་གསུང་ན། ད་ལྟའི་དབྱིན་ཇིའི་སྲིད་བློན་གསར་བ་(Rishi Sunak)་ལགས་ཨེ་ཤེ་ཡའི་རིགས་རྒྱུད་ཡིན་པ་མ་ཟད། རྒྱ་གར་གྱི་མི་རྒྱུད་ཡིན་དུས་བོད་དོན་མཁྱེན་རྟོགས་ཡོད་མཁན་དང་བོད་པར་བརྩེ་བ་ཡོད་མཁན་ཞིག་ཡིན་པའི་རེ་བ་བཅིངས་བཞིན་པ་བརྗོད་བྱུང་།
བོད་ཀྱི་ཉེ་རབས་ལོ་རྒྱུས་སུ་དབྱིན་ཇི་ནི་བོད་དང་འབྲེལ་བ་ཆེ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་དེ་ཡིན་པ་དང་། ལྷག་པར་བོད་དང་དམག་འཁྲུག་བྱུང་མྱོང་བའི་ནུབ་ཕྱོགས་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་རེད། བོད་དེ་རྒྱ་ནག་དམར་ཤོག་གཞུང་གིས་བཙན་བཟུང་མ་བྱས་གོང་། བོད་དང་དབྱིན་ཇིའི་བར་ཚོང་འབྲེལ་ཡོད་པ་མ་ཟད། ཕྱི་འབྲེལ་ཡང་ཡོད་མྱོང་པས་ལྷ་སར་དབྱིན་ཇིའི་གཞུང་ཚབ་ཁང་བཙུགས་མྱོང་ཡོད་པ་དང་། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་རྗེས། དབྱིན་ཇིའི་གཞུང་དམངས་གཉིས་ཀས་ཕྱོགས་གང་ཐད་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད།
དེ་སྔོན་གྱི་དབྱིན་ཇིའི་སྲིད་བློན་ལྕམ་(Liz Truss)་ལགས་ཀྱིས་དབྱིན་ཡུལ་གྱི་དཔལ་འབྱོར་དང་འཕྲོད་བསྟེན་གནས་སྟངས་ཐད་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐབས་ཁོང་མོའི་དཔལ་འབྱོར་སྲིད་ཇུས་ལམ་ལྷོང་མ་བྱུང་བར་སྐྱོན་བརྗོད་རིམ་པར་བྱུང་རྗེས། སྲིད་བློན་ལ་བསྡད་ནས་ཉིན་གྲངས་༤༥ལས་མ་འགོར་བར་ཟླ་འདིའི་ཕྱི་ཚེས་༢༠ཉིན་དགོངས་པ་ཞུས་ཡོད་པ་རེད། དེའི་ཚབ་སྐུ་ཞབས་(Rishi Sunak)་ལགས་སུ་ཁ་གཏད་མེད་པར་སྲིད་བློན་གྱི་རྒྱལ་ཁ་ཐོབ་ཡོད་པ་དང་། ཁོང་དབྱིན་ཇིའི་སྲིད་བློན་སྐབས་༥༧པ་ཆགས་ཀྱི་ཡོད་པ་རེད།
དགུང་ལོ་༤༢ཡིན་པའི་ད་ལྟའི་དབྱིན་ཇིའི་སྲིད་བློན་གསར་པ་(Rishi Sunak)་ལགས་ནི། རྒྱ་གར་གྱི་མི་རྒྱུད་ཡིན་པ་དང་། དབྱིན་ཇིའི་ལོ་རྒྱུས་སྟེང་ཨེ་ཤེ་ཡའི་རིགས་རྒྱུད་དབྱིན་ཇིའི་སྲིད་བློན་ཐོག་མ་དང་། འདས་བའི་ལོ་ངོ་༢༠༠འི་ནང་སྲིད་བློན་དགུང་ལོ་ཆུང་ཤོས་དེའང་ཡིན་པ་རེད།
ཁོང་ནི་དེ་སྔ་མ་རྩ་འཛུགས་འཇོག་གི་དངུལ་ཁང་སྤྱིན་བདག་ཞིག་ཡིན་པ་དང་། ཁོང་གི་བཟའ་ཟླ་ནི་རྒྱ་གར་གྱི་ཚན་རྩལ་ལས་རིགས་ཀྱི་ཕྱུག་བདག་ཅིག་གི་བུ་མོ་ཡིན་པ་དང་། དབྱིན་ཡུལ་ནང་ཕྱུག་བདག་གི་གྲས་ཡིན་འདུག
ཁོང་སྤྱི་ལོ་༡༩༨༠ལོར་དབྱིན་ཡུལ་གྱི་(Southampton)་གྲོང་ཁྱེར་ནང་སྐྱེས་བ་དང་། ཕྱི་ལོ་༢༠༡༥ནས་༢༠༢༠བར་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མིར་བསྡད་པ་དང་། ཕྱི་ལོ་༢༠༢༠ནས་༢༠༢༢བར་ཡུལ་དེའི་དཔལ་འབྱོར་བློན་ཆེན་གྱི་ཕྱག་ལས་གནང་ཡོད་པ་རེད།

གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ལ་སོགས་གནད་ཡོད་མི་སྣ་ཚོས་གསུམ་བཅུའི་དུས་དྲན་ཉིན་བསྒྲགས་གཏམ་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎