དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་གི་དཔོན་རིགས་མཉམ་མཇལ་མོལ་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ཡོད་འདུག

དེ་ཡང་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་(James Cleverly)་མཆོག་ཕྱི་ཟླ་བརྒྱད་པའི་ཚེས་༣༠རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་ཡོད་པ་ལྟར། ཁོང་གིས་རྒྱ་ནག་གི་གནད་ཡོད་དཔོན་རིགས་དང་ཐུག་འཕྲད་བྱུང་རིམ་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐུགས་ཚབས་ཡོད་པའི་སྐོར་གླེང་སློང་གནང་བཞིན་ཡོད་པ་གསུངས་འདུག
དབྱིན་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ནས་སྤྱི་བསྒྲགས་བྱས་བའི་གནས་ཚུལ་ནང་། ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(James Cleverly)་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་སྐབས། ཁོང་གིས་རྒྱ་ནག་གི་དཔོན་རིགས་དང་བཀའ་མོལ་ནང་དོན་ལ། དེ་སྔ་དབྱིན་ཇིའི་མངའ་འོག་ཏུ་གནས་མྱོང་བའི་ཧོང་ཀོང་གི་རང་དབང་ཐོག་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་དང་། དེ་བཞིན་བོད་དང་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་བཞིན་པ་དེ་དག་གླེང་སློང་བྱ་རྒྱུའི་ཁོངས་སུ་ཡོད་པ་གསུངས་ཡོད་པ་རེད།
དབྱིན་ཡུལ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བཏོན་པའི་ཤོག་གྲངས་༨༧ཅན་གྱི་སྙན་ཐོའི་ནང་། རྒྱ་ནག་ནི་དབྱིན་ཡུལ་རྒྱལ་ཁབ་དང་དབྱིན་ཡུལ་གྱི་ཁེ་ཕན་ལ་ཉེན་ཁ་བཟོ་མཁན་ཡིན་པ་གསུངས་སྟེ། དབྱིན་ཇི་གཞུང་གིས་རྒྱ་ནག་གི་འཇིགས་སྐུལ་ལ་ཁ་གཏད་གདོང་ལེན་བྱ་ཐབས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། ད་དུང་སྙན་ཐོའི་ནང་ཐེ་ཝན་དེ་བཞིན་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་བྱ་འོས་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད་པ་ཡང་བཀོད་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་སུ་འབྲེལ་བ་ཞུས་ཏེ་རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་མཇལ་མོལ་སྐབས། བོད་ཀྱི་གནད་དོན་གླེང་སློང་གནང་ཡོད་མེད་ཡིག་ཐོག་ནས་བཀའ་འདྲི་ཞུས་ཀྱང་ད་ལྟའི་ཆར་འདིའི་སྐོར་ལན་གནང་མ་བྱུང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།