རྒྱལ་ཚོགས་སུ་རྒྱལ་ཁབ་༣༩ཡིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད།
2020.10.07

རྒྱལ་ཁབ་༣༩ཡིས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པའི་སྐྱོན་བརྗོད་དང་བསྒྲགས་གཏམ་སྤེལ་འདུག
རྒྱ་ནག་གཞུང་གིས་བོད་ནང་དང་ཤིན་ཅིང་། དེ་བཞིན་ཧོང་ཀོང་མི་མང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་༣༩ཡིས་སེམས་ཚབས་ཧ་ཅང་ཆེན་པོ་ཡོད་པ་བརྗོད་ནས་རྒྱ་གཞུང་ལ་ཁ་རྡུང་དྲག་པོ་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་དགྲ་ཤ་ལེན་རྒྱུའི་ཉེན་བརྡ་གཏོང་མིན་ལ་མ་བལྟོས་པར་རྒྱ་གཞུང་གི་བྱ་སྤྱོད་ངན་པར་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་གཞུང་འཛིན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་དཔང་རྟགས་ཡིན་པའི་གནས་ཚུལ་འདུག
དེ་ཡང་ཕྱི་ཚེས་༦ཉིན་མཉམ་འབྲེལ་རྒྱལ་ཚོགས་ནང་ཡོད་པའི་ཇར་མན་གྱི་གཞུང་ཚབ་ཆེན་མོ་(Christoph Heusgen)ལགས་ཀྱིས་གོང་ཞུས་རྒྱལ་ཁབ་༣༩དེ་ཚོའི་ཚོགས་པའི་སྐུ་ཚབ་གནང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ཆེན་མོའི་ཚོགས་ཆུང་གསུམ་པའི་ནང་བསྒྲགས་གཏམ་ཞིག་སྒྲོག་སྦྱང་གནང་བའི་ནང་། བོད་ནང་དང་ཤིན་ཅིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཉེ་དུས་ཧོང་ཀོང་ནང་གི་གནས་ཚུལ་འཕེལ་རིམ་ལ་སེམས་ཚབས་ཧ་ཅང་ཆེན་པོ་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པའི་སྐུལ་མ་གནང་གི་ཡོད་སྐོར་གསུངས་འདུག
ཇར་མན་གཞུང་གིས་སྣེ་ཁྲིད་གནང་བའི་གོང་ཞུས་རྒྱལ་ཁབ་༣༩ཡི་ནང་དབྱིན་ཡུལ་དང་། ཁེ་ཎ་ཊ། ཨ་མི་རི་ཀ།ཡོ་རོབ་སྤྱི་མཐུན་ཚོགས་པའི་རྒྱལ་ཁབ་མང་པོ་(Albania)དང་། (Bosnia-Herzegovina) (Haiti) (Honduras) (Palau) དང་། (Marsha Islands)་སོགས་ཡོད་འདུག
ད་རེས་ཀྱི་ཟུང་འབྲེལ་བསྒྲགས་གཏམ་དེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་མཁས་དབང་༥༠ཡིས། དེ་སྔོན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྟོག་ཞིབ་བྱེད་མཁན་གྱི་ཚོགས་པ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་འཛུགས་དགོས་པ་ཞུ་མྱོང་པའི་འབོད་སྐུལ་ལ་མོས་མཐུན་རྒྱབ་སྐྱོར་གནང་བ་མཚོན་གྱི་ཡོད་པ་མ་ཟད། ཉེ་དུས་འཛམ་གླིང་གང་སའི་ཚོགས་སྡེ་མི་འདྲ་༤༠༠ལྷག་གིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་མཁས་པ་རྣམས་ཀྱིས་དགོངས་ཚུལ་ལ་རྒྱབ་སྐྱོར་གནང་ཡོད་པ་རེད།
ད་དུང་གོང་ཞུས་རྒྱལ་ཁབ་དེ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིོའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་(Michelle Bachelet)་ལགས་ལ། དམ་བསྒྲགས་གང་ཡང་མེད་པར་ཤིན་ཅིང་ནང་ཕེབས་འཇུག་དགོས་པའི་དགོས་འདུན་ཡང་བཏོན་འདུག
རྒྱ་ནག་གཞུང་གིས་ལྕམ་(Bachelet)་ལགས་ཕེབས་ན་དགའ་བསུ་ཞུ་རྒྱུའི་གྲ་སྒྲིག་ཡོད་ཚུལ་བཤད་ན་ཡང་། ཤིན་ཅིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རང་དབང་གི་ཐོག་ནས་རྟོག་ཞིབ་གནང་འཇུག་རྒྱུའི་ཁས་ལེན་བྱས་མེད་སྐོར་བཤད་འདུག
ཡང་རྒྱ་ནག་གཞུང་གིས་རྒྱལ་ཁབ་བཅུ་གྲངས་ཤིག་འདུ་སྐོང་བྱས་ནས་རྒྱ་ནག་ལ་བསྔགས་བརྗོད་བྱེད་དུ་བཅུག་ཡོད་པ་དང་། ཁེའུ་བྷ་(Cuba)་ཡིས་ཤིན་ཅིང་དང་། པ་ཀིསུ་ཐན་གྱིས་ཧོང་ཀོང་ནང་གི་གནད་དོན་ཐད་རྒྱ་ནག་ལ་བསྟོད་བསྔགས་བྱས་འདུག་ལ་རྒྱ་ནག་ལ་རྒྱབ་སྐྱོབ་བྱེད་མཁན་གྱི་ཁོངས་སུ་ཨུ་རུ་སུ་དང་། སེ་རེ་ཡ་(Syria) དེ་བཞིན་(Venezuela)་ཡོད་འདུག།